ཨ་སེ་པེད་ཅང་གི་སྲིད་འཛིན་གསར་འགྱུར་ཅུའུ་ཡིས་ཚེས9ཉིན་བསྒྲགས་པ་ལྟར་ན། ཨ་སེ་པེད་ཅང་གི་སྲིད་འཛིན་ཨ་ལེ་ཡེ་ཧྥུའུ་དང་ཨེ་མེ་ནི་ཡཱའི་ཙུང་ལི་ཕཱ་ཧྲི་ནེ་དབྱང་གིས་ཚེས10ཉིན་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རྒྱལ་ས་ཨ་པུའུ་ཀྲ་པུས་ནས་གྲོས་མོལ་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་གཉིས་བར་གྱི་ཞི་བདེའི་འཕེལ་རིམ་ལ་སྐུལ་འདེད་གཏོང་རྒྱུ་རེད་ཟེར།
རྒྱུས་ལོན་བྱུང་བ་ལྟར་ན། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ཞི་བདེ་དང་རྒྱལ་ཁབ་བར་གྱི་འབྲེལ་བ་འཛུགས་པའི་སྐོར་གྱི་གྲོས་མཐུན་འཆར་ཟིན་ལ་གྲོས་བསྡུར་བྱེད་རྒྱུ་རེད། ཨ་སེ་པེད་ཅང་གི་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། འབྲེལ་ཡོད་ཀྱི་གྲོས་མོལ་འཕེལ་རིམ་མཇུག་སྒྲིལ་ཡོད་ཀྱང་། ཨེ་མེ་ནི་ཡཱ་ཡིས་རྩ་ཁྲིམས་བཟོ་བཅོས་བྱས་ཏེ་ཨ་སེ་པེད་ཅང་གི་མངའ་ཁོངས་ལ་དམིགས་པའི་རེ་བ་མེད་པར་གཏོང་རྒྱུ་དེ་གྲོས་མཐུན་འགོད་པའི་སྔོན་འགྲོའི་ཆ་རྐྱེན་ཡིན་པ་རེད།
ཕཱ་ཧྲི་ནེ་དབྱང་གིས་ཉིན་དེར་བསྟན་དོན། ཨ་སེ་པེད་ཅང་གི་ཞི་བདེའི་གྲོས་མཐུན་འཆར་ཟིན་གྱི་མ་ཡིག་གཏན་འཁེལ་བྱས་ཡོད་པ་དང་། ཨེ་མེ་ནི་ཡཱ་ཕྱོགས་ཀྱིས་གྲོས་མཐུན་འགོད་པའི་དུས་ཚོད་དང་ས་གནས་ཐད་ནས་ཨེ་སེ་པེད་ཅང་བར་གྲོས་མོལ་བྱེད་མགོ་རྩོམ་པར་གྲ་སྒྲིག་བྱས་ཡོད་ཟེར།
སུའུ་ལེན་ཁ་ཐོར་དུ་སོང་རྗེས། ཨ་སེ་པེད་ཅང་དང་ཨེ་མེ་ནི་ཡཱའི་བར་ནཱ་ཀི་ཨར་ནོའུ་དང་ཁཱ་ལཱ་པཱ་ཧི་ས་ཁུལ་གྱི་བདག་དབང་གནད་དོན་ཐད་ནས་འཐབ་འཁྲུག་བྱུང་། རྒྱལ་ཁབ་གཉིས་ཀྱིས1994ལོར་ཕྱོགས་ཡོངས་ནས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བཀོད་ཀྱང་། ནཱ་ཁཱ་ས་ཁུལ་གྱི་གནད་དོན་དབང་གིས་ཕན་ཚུན་དགྲ་རུ་ལངས་ཡོད་ལ། དྲག་ཆས་འཁྲུག་རྩོད་དུས་ངེས་མེད་དུ་འབྱུང་བཞིན་ཡོད། 2023ལོའི་ཟླ12པའི་ཚེས7ཉིན། ཨ་སེ་པེད་ཅང་དང་ཨེ་མེ་ནི་ཡཱ་ཡིས་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་བརྩི་འཇོག་བྱེད་པའི་རྩ་དོན་གྱི་རྨང་གཞིའི་སྟེང་རྒྱུན་ལྡན་གྱི་འབྲེལ་བ་མངོན་འགྱུར་བྱེད་པ་བསྐྱར་སྒྲོག་བྱས་ནས་ཞི་བདེའི་གྲོས་མཐུན་བཀོད་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།