སི་རི་ཡཱའི་སྲིད་དབང་གིས་ཚེས9ཉིན་གསལ་སྒྲོག་སྤེལ་ཏེ། སི་རི་ཡཱའི་ཁུའུ་ཨར་ཏི་དྲག་ཆས་པ་གཙོ་བྱས་པའི་སི་རི་ཡཱའི་དམངས་གཙོ་སྟོབས་ཤུགས་ཀྱིས་རྒྱལ་ཁབ་གཅིག་གྱུར་དང་མངའ་ཁོངས་ཆ་ཚང་ཡོང་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་གང་རུང་སྤྱོད་པར་དགའ་བསུ་བྱེད་ཀྱང་། རྒྱལ་ཕྲན་མཉམ་འབྲེལ་ལམ་ལུགས་དང་རྣམ་པ་གང་རུང་གི་ཁ་བྲལ་བྱ་འགུལ་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་བཞིན་ཡོད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། སི་རི་ཡཱའི་སྲིད་དབང་གིས་སི་རི་ཡཱའི་དམངས་གཙོའི་སྟོབས་ཤུགས་ནང་ཁུལ་གྱི་འགྲན་རྩོད་ལ་རྒྱུས་ལོན་བྱེད་ཀྱང་། གྲོས་མཐུན་ལག་བསྟར་བྱེད་པར་འགོར་འགྱངས་བྱེད་པའི་བྱ་སྤྱོད་གང་རུང་སི་རི་ཡཱའི་རྒྱལ་ཁབ་ཁེ་ཕན་དང་མི་འཚམ་པ་དང་། དེ་ལས་གནས་བབ་སྔར་ལས་རྙོག་འཛིང་དུ་འགྱུར་བ་དང་སི་རི་ཡཱའི་བདེ་འཇགས་དང་གཏན་འཇགས་སླར་གསོ་བྱེད་པའི་བྱ་བར་བཀག་རྒྱ་བཟོ་སྲིད་ཟེར།
གསལ་སྒྲོག་ལས་བསྟན་དོན། ངེས་པར་དུ་སྤྱི་བའི་ཞབས་ཞུ་དང་འཕྲོད་བསྟེན། སློབ་གསོ། ས་གནས་སྲིད་འཛིན་སྡེ་ཁག་སོགས་འདུས་པའི་རྒྱལ་ཁབ་ལས་ཁུངས་དེ་སི་རི་ཡཱའི་ཁུའུ་ཨར་ཏི་དྲག་ཆས་པ་ཡོད་སའི་བྱང་ཤར་ས་ཁུལ་བར་ཁེབས་པར་བྱས་ཏེ། ས་ཁུལ་དེའི་མང་ཚོགས་ལ་གཞི་རྩའི་ཞབས་ཞུ་འདོན་སྤྲོད་བྱེད་པ་དང་སྤྱི་ཚོགས་ཀྱི་གཏན་འཇགས་ལ་ཤུགས་སྣོན་བྱེད་པར་འགན་སྲུང་བྱེད་དགོས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།