ཨུ་རུ་སི་འི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲ་ཧཱ་ལོ་ཝ་ཡིས་ཚེས9ཉིན་བསྟན་དོན། ཨུ་རུ་སི་དང་ཀྲུང་གོའི་མཉམ་ལས་ཀྱིས་གསེར་གྱོམ་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཐད་བྱས་རྗེས་གལ་ཆེན་བཞག་ཡོད་པ་དང་། ཨུ་རུ་སི་དང་ཀྲུང་གོའི་གསེར་གྱོམ་རྐྱེན་སྲོལ་འདུས་པའི་ཕྱོགས་སོ་སོའི་མཉམ་ལས་ལ་འཛུགས་སྐྲུན་རང་བཞིན་ལྡན་ཡང་ཕྱོགས་གང་རུང་ལ་དམིགས་མེད་པའི་ཚུལ་བསྟན།
ཀྲ་ཧཱ་ལོ་ཝ་ཡིས་ཉིན་དེར་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་དྲི་བར་ལན་འདེབས་སྐབས་བཤད་རྒྱུར། ཨུ་རུ་སི་དང་ཀྲུང་གོའི་མཉམ་ལས་ཀྱིས་གསེར་གྱོམ་རྒྱལ་ཁབ་ཀྱི་དཔལ་འབྱོར་རྒྱུན་མཐུད་དང་གཏན་འཇགས་ངང་འཕར་བར་ཆ་རྐྱེན་བཟང་བོ་བསྐྲུན་ཡོད་ལ། སྔར་ལས་དྲང་བདེན་དང་དོ་མཉམ་གྱི་སྣེ་མང་འཛམ་གླིང་གི་སྒྲིག་ལམ་འཛུགས་པའི་ཐད་བྱས་རྗེས་གལ་ཆེན་བཞག་ཡོད་ཟེར།
ཁོ་མོས་བསྟན་དོན། འཛམ་གླིང་ཡོངས་ཀྱི་ས་ཁུལ་བར་གྱི་ཆབ་སྲིད་གནས་བབ་ལ་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་པའི་གནས་ཚུལ་འོག ཨུ་རུ་སི་དང་ཀྲུང་གོའི་དུས་རབས་གསར་བའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་ལས་གྲོགས་པོའི་འབྲེལ་བ་བསྟུད་མར་འཕེལ་རྒྱས་ཆེན་པོ་བྱུང་སྟེ། མགྱོགས་མྱུར་ངང་འགྱུར་ལྡོག་འབྱུང་བཞིན་པའི་ཕྱི་ཕྱོགས་ཁོར་ཡུག་གི་ཚད་མཐོའི་འོས་འཚམ་རང་བཞིན་དང་གནོན་འགོག་ནུས་པ་མངོན་པར་བྱས་ཡོད་ཟེར།
ཀྲ་ཧཱ་ལོ་ཝ་ཡིས་བཤད་རྒྱུར། གསེར་གྱོམ་རྒྱལ་ཁབ་ཀྱིས་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་མང་ཆེ་བའི་འབོད་སྐུལ་ལ་ཉན་འདོད་ཡོད་པ་དང་དེའི་འཕེལ་རྒྱས་མངོན་འགྱུར་བྱེད་པར་རོགས་རམ་བྱེད་འདོད་ཡོད་ཅིང་། གསེར་གྱོམ་རྐྱེན་སྲོལ་གྱི་དམིགས་ཡུལ་ནི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དང་གསར་དར་ཚོང་རའི་རྒྱལ་ཁབ་ཀྱི་འཛམ་གླིང་ཡོངས་ཀྱི་ཕྱོགས་མང་མ་ལག་ཁྲོད་ཀྱི་ནུས་པ་མཐོར་འདེགས་གཏོང་རྒྱུ་དེ་ཡིན་ཟེར།
གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་ཀྲ་ཧཱ་ལོ་ཝ་ཡིས་ད་རུང་ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་གསེར་གྱོམ་རྒྱལ་ཁབ་ལ་རྒྱབ་སྐྱོར་བྱེད་པའི་ཨ་མེ་རི་ཁར་ངོ་རྒོལ་བྱེད་པའི་སྲིད་ཇུས་ལག་བསྟར་བྱེད་པའི་རྒྱལ་ཁབ་དག་གི་སྒོ་ཁྲལ་ཁ་སྣོན་བྱེད་རྒྱུའི་འཇིགས་སྐུལ་གཏམ་བཤད་སྤེལ་བའི་ཐད་ནས་ལན་བཏབ། ཁོ་མོས་བསྟན་དོན། ཐི་ལིང་ཕུའུ་ཡི་འབྲེལ་ཡོད་གཏམ་བཤད་ལས། ཨ་མེ་རི་ཁས་འདྲ་མཉམ་འགྲན་རྩོད་དང་རྒྱལ་ཁབ་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པར་ཁ་གཡར་ནས། ཁྲིམས་འགལ་གྱི་བཀག་སྡོམ་དང་སྒོ་ཁྲལ་སོགས་དཔལ་འབྱོར་གྱི་བྱེད་ཐབས་བེད་སྤྱད་ནས་ཆབ་སྲིད་ཀྱི་གནོན་ཤུགས་སྟེར་རྩིས་བྱེད་པ་མངོན་པར་མཚོན་ཡོད་ལ། བྱེད་ཐབས་དེས་ད་ཡོད་ཀྱི་རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་གྲུབ་ཚུལ་ལ་གཏོར་བརླག་བྱས་ཡོད་པར་མ་ཟད། འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་སྒྲིག་སྲོལ་དང་རང་དབང་ཉོ་ཚོང་རྩ་དོན་ལ་རྒྱབ་འགལ་དུ་སོང་ཡོད་ཟེར།
ཀྲ་ཧཱ་ལོ་ཝ་ཡིས་བལྟས་ན། སྒོ་ཁྲལ་ལྡབ་འགྱུར་གྱིས་ཇེ་མཐོར་བཏང་བ་ལས་རྒྱལ་ཁབ་ཚང་མར་ཉེན་ཁ་བཟོས་ཡོད་པ་དང་། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་ཉམས་རྒུད་དུ་འགྲོ་སྲིད། ཨ་མེ་རི་ཁས་རང་ངོས་ཀྱི་འགྲན་རྩོད་ནུས་པ་མཐོར་འདེགས་གཏོང་བ་དང་། ནང་ཁུལ་ནས་ཉམས་ཉེན་ཐག་གཅོད་བྱེད་པའི་བྱེད་ཐབས་འཚོལ་ཞིབ་བྱེད་པ་ལས་རང་སྟེང་གི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་ཆེད་འཛད་པ་མེད་པར་གཞན་པའི་ཁེ་ཕན་ལ་གནོད་སྐྱེལ་མི་རུང་བར་འདོད།
བསོད་ནམས་ཚེ་རིང་གིས་བསྒྱུར།