དབྱིན་ཇིའི་དབུ་བཞུགས་བློན་ཆེན་བཞུགས་ཤག་གི་མགྲིན་ཚབ་པས་ཚེས9ཉིན་བཤད་རྒྱུར། དབྱིན་ཇིའི་དབུ་བཞུགས་བློན་ཆེན་སི་ཐཱ་མའོ་ཡིས་ཉིན་དེའི་ཕྱི་དྲོར་དབུ་བཞུགས་བློན་ཆེན་བཞུགས་ཤག་ཐཱ་ཉིང་སྲང་ལམ་སྒོ་རྟགས་ཨང་བཅུ་བ་ནས་འཚམས་འདྲིར་ཡོང་བའི་ཧྥ་རན་སིའི་སྲིད་འཛིན་མཱ་ཁི་ལུང་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་གཅིག་གྱུར་སྒོས་བལྟས་ན། ཁྲིམས་འགལ་གནས་སྤོར་སྡོད་དམངས་དང་ལྐོག་འགྲོས་ལ་ཆམ་ཕབ་གཏོང་བ་ནི་རྒྱལ་ཁབ་གཉིས་ཀྱི་བྱ་བ་གཙོ་བོ་ཡིན་པས། ངེས་པར་དུ་ཐུན་མོང་འགུལ་སྐྱོད་སྤེལ་དགོས་འདོད་ཡོད་ཟེར།
མགྲིན་ཚབ་པ་དེས་བཤད་རྒྱུར། སི་ཐཱ་མའོ་ཡིས་གྲོས་མོལ་བྱེད་སྐབས་བསྟན་དོན། དབྱིན་ཇིའི་སྲིད་གཞུང་གིས་འདས་པའི་ལོ་གཅིག་གི་ནང་གནས་སྤོར་སྡོད་དམངས་ཀྱི་མ་ལག་ལྡན་པའི་ཁྲིམས་བསྟར་ཤུགས་ཚད་ཇེ་ཆེར་བཏང་སྟེ། ཁྲིམས་སྲོལ་ལ་བརྩི་སྲུང་དང་ལག་བསྟར་ཐོབ་པར་འགན་སྲུང་བྱས་ཡོད་ལ། དེའི་ནང་ཁྲིམས་འགལ་ལས་ཞུགས་ལ་ཆམ་ཕབ་གཏོང་བའི་ཤུགས་ཚད་ཇེ་ཆེར་གཏོང་བ་སོགས་འདུས་ཡོད་ཟེར། དབྱིན་ཇི་དང་ཧྥ་རན་སི་ཕྱོགས་གཉིས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་བྱེད་ཐབས་ལེགས་བསྒྱུར་དང་བྱེད་ཐབས་གསར་གཏོད་བྱས་ཏེ་ལྐོག་འགྲོས་ཚོགས་ཁག་ལ་ཆམ་ཕབ་གཏོང་བར་འཐད་པ་བྱུང་།
ཉེ་བའི་ལོ་འགའི་རིང་ལ། ཨ་ཧྥེ་རི་ཁ་གླིང་དང་དབུས་ཤར་ས་ཁུལ་གྱི་མང་ཚོགས་མང་བོ་འཐབ་འཁྲུག་གི་ཉེན་ཁར་གཡོལ་ཆེད་ཡོ་རོབ་གླིང་དུ་བྲོས་བྱོལ་བྱེད་བཞིན་ཡོད་པ་དང་། དེའི་ནང་མི་རེ་འགའ་ནི་ཧྥ་རན་སི་ནས་དབྱིན་ཅི་ལེ་མཚོ་འགག་བརྒྱུད་དེ་དབྱིན་ཇི་རུ་ལྐོག་འགྲོས་བྱེད་པ་ཡིན་ལ། ལྐོག་འགྲོས་ཀྱི་གྲུ་གཟིངས་ནུབ་པའི་དོན་རྐྱེན་དུས་ངེས་མེད་དུ་བྱུང་ནས་མི་སྣར་ཤི་རྨས་བཟོ་བཞིན་ཡོད།
ཐང་ཉིང་སྲང་ལམ་གྱི་སྒོ་རྟགས་ཨང་བཅུ་བའི་མགྲིན་ཚབ་པས་བཤད་རྒྱུར། སི་ཐཱ་མའོ་དང་མཱ་ཁི་ལུང་གིས་ད་རུང་སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་གཉིས་ཀྱི་གྲོགས་པོའི་འབྲེལ་བ་ཇེ་ཟབ་ཏུ་གཏོང་འདོད་ཡོད་པའི་ཚུལ་བསྟན་པ་དང་། དེའི་ནང་རྒྱལ་སྲུང་མཉམ་ལས་ལ་ཤུགས་སྣོན་པ་དང་ཕྱོགས་གཉིས་ཀྱི་ཉོ་ཚོང་དངུལ་གཏོང་རྒྱ་བསྐྱེད་པ་སོགས་འདུས་ཡོད་ལ། ཚེས10སྤེལ་རྒྱུ་ཡིན་པའི་སྐབས་སོ་བདུན་པའི་དབྱིན་ཇི་དང་ཧྥ་རན་སིའི་རྩེ་ཚོགས་སྐབས་སུ་གོང་སྨྲས་ཁྱབ་ཁོངས་ནས་གྲུབ་འབྲས་དངོས་ལོན་པར་བརྩོན་ལེན་བྱེད་རྒྱུའི་ཚུལ་བསྟན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།