ཨེ་ཤ་ཡཱ་ཤར་མའི་རྩེ་ཚོགས་སྐབས་བཅོ་ལྔ་པའི་ཕྱི་འབྲེལ་བློན་ཆེན་གྲོས་ཚོགས་ཅི་ལུང་ཕའོ་ནས་བསྡུས།
2025.07.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

2025ལོའི་ཟླ7པའི་ཚེས11ཉིན། ཨེ་ཤ་ཡཱ་ཤར་མའི་རྩེ་ཚོགས་སྐབས་བཅོ་ལྔ་བའི་ཕྱི་འབྲེལ་བློན་ཆེན་གྲོས་ཚོགས་ཅི་ལུང་ཕའོ་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན། ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཝང་དབྱང་གྲོས་ཚོགས་ལ་ཞུགས་ཏེ་གཏམ་བཤད་སྤེལ།

ཝང་དབྱེ་ཡིས་བསྟན་དོན། ད་ལོ་ནི་ཨེ་ཤ་ཡཱ་ཤར་མའི་རྩེ་ཚོགས་བཙུགས་ནས་ལོ་ངོ20འགོར་བའི་ལོ་ཡིན་པས། ཕྱོགས་སོ་སོས་དེ་གོ་སྐབས་སུ་བརྩིས་ནས་རྒྱུས་ལོན་དང་ཡིད་ཆེས་ཇེ་དྲག་ཏུ་གཏོང་བ་དང་། ཞི་བདེ་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པ། འཕེལ་རྒྱས་དང་དར་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར།

ཀྲུང་གོ་ཕྱོགས་ཀྱིས་གྲོས་མོལ་སླར་གསོ་བྱེད་པ་དང་། འཕེལ་རྒྱས་སླར་གསོ་བྱེད་པ། སྒོ་འབྱེད་སླར་གསོ་བྱེད་པའི་གྲོས་གཞི་གསུམ་བཏོན།

ཝང་དབྱེ་ཡིས་ནན་གྱིས་བསྟན་དོན། ཐེ་ཝན་མཚོ་འགག་གི་གནས་བབ་ཛ་དྲག་ཏུ་སོང་བའི་འབྱུང་རྩ་ནི་ཐེ་ཝན་རང་བཙན་ཉིན་རེ་བཞིན་ཁ་དར་བའི་ཁ་བྲལ་བྱ་སྤྱོད་དང་ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་གང་འདོད་དུ་རྒྱབ་སྐྱོར་བྱས་པས་རེད། མི་ལ་ལས་ཐེ་ཝན་མཚོ་འགག་གི་གཏན་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུའི་ཚུལ་བསྟན་ཡོད། གལ་ཏེ་ངེས་པ་དོན་གྱིས་ཐེ་ཝན་མཚོ་འགག་གི་ཞི་བདེ་དང་གཏན་འགས་ལ་སེམས་ཁུར་བྱེད་ན། ཐེ་ཝན་རང་བཙན་བྱེད་པའི་སྟོབས་ཤུགས་ཇེ་ཆེར་འགྲོ་བར་མཐའ་གཅིག་ཏུ་འགོག་རྒོལ་བྱེད་དགོས། མི་ལ་ལས་ཐེ་ཝན་མཚོ་འགག་གི་ད་ལྟའི་གནས་བབ་བསྒྱུར་མི་རུང་བའི་གྲོས་གཞི་བཏོན་ཡང་། ཐེ་ཝན་དང་སྐམ་ས་ཆེན་མོ་ནི་ཀྲུང་གོ་གཅིག་ཏུ་གཏོགས་པ་ནི་ཐེ་ཝན་མཚོ་འགག་གི་ཆེས་གཞི་རྩའི་གནས་བབ་རེད། རང་ངོས་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་སྲུང་སྐྱོབ་བྱེད་པ་ནི་རྒྱལ་ཁབ་སོ་སོའི་བླ་མེད་ཀྱི་འགན་འཁྲི་ཡིན་པས། རྒྱལ་ཁབ་སོ་སོས་མུ་མཐུད་དུ་ལངས་ཕྱོགས་གསལ་བོས་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་། རྣམ་པ་གང་རུང་གི་ཐེ་ཝན་རང་བཙན་ལ་ངོ་རྒོལ་བྱས་ཏེ། ཀྲུང་གོའི་གཅིག་གྱུར་ཆེན་མོའི་ལས་དོན་ལ་རྒྱབ་སྐྱོར་བྱེད་དགོས་པའི་རེ་བ་བཏོན།

ཝང་དབྱེ་ཡིས་ད་རུང་ལྷོ་ཕྱོགས་མཚོ་ཁོངས་གནད་དོན་ཐད་ནས་ལངས་ཕྱོགས་རྒྱས་བཤད་བྱས།

ཉིན་དེར་ཝང་དབྱེ་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གླེང་སྟེགས་ཀྱི་ཕྱི་འབྲེལ་བློན་ཆེན་གྲོས་ཚོགས་ལ་ཞུགས་པར་མ་ཟད་མུ་མཐུད་དུ་འབྲེལ་ཡོད་རྒྱལ་ཁབ་ཀྱི་ཕྱི་འབྲེལ་བློན་ཆེན་དང་གྲོས་མོལ་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།