སྐོར་ཐེངས་དང་པོའི་ཁུའུ་ཨར་ཏི་བཟོ་བའི་ཏང་གི་ཁོངས་མིས་དབྱི་རག་བྱང་ཕྱོགས་ས་ཁུལ་ནས་མཚོན་ཆ་བསྐྱུར།
2025.07.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

སྐོར་ཐེངས་དང་པོའི་ཁུའུ་ཨར་ཏི་བཟོ་བའི་ཏང་གི་ཁོངས་མིས་ཚེས11ཉིན་གྱི་སྔ་དྲོར་དབྱི་རག་བྱང་ཕྱོགས་ཀྱི་སུའུ་ལའེ་མན་ནེ་ཡཱ་ཞིང་ཆེན་ནས་མཚོན་ཆ་བསྐྱུར།

དབྱི་རག་གི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། དབྱི་རག་བྱང་ཕྱོགས་ཀྱི་ཁུའུ་ཨར་ཏི་རང་སྐྱོང་ཁུལ་སུའུ་ལའེ་མན་ནེ་ཡཱ་ཞིང་ཆེན་ནུབ་ཕྱོགས་ནས་སྤེལ་བའི་མཚོན་ཆ་བསྐྱུར་བའི་མཛད་སྒོའི་སྟེང་། བཀོད་འདོམ་དཔོན་པོ་བཞི་དང་བཅས་པའི་ཁུའུ་ཨར་ཏི་བཟོ་བའི་ཏང་གི་ཁོངས་མི་སུམ་ཅུ་ཡིས་མཚོན་ཆ་བསྐྱུར་བ་དང་། མཚོན་ཆ་དག་མེ་ནང་ལ་འཕངས་ནས་མེད་པར་བཟོ་རྒྱུ་རེད།

དབྱི་རག་འཕྲིན་གཏོང་ཁང་གིས་ཚེས11ཉིན་བསྒྲགས་པ་ལྟར་ན། ཁུའུ་ཨར་ཏི་བཟོ་བའི་ཏང་གིས་མཚོན་ཆ་བསྐྱུར་བའི་འཕེལ་རིམ་དེ་དུས་རིམ་འགར་བགོས་ནས་ཟླ་ངོ་འགའི་ནང་ཡོངས་འགྲུབ་བྱེད་རྒྱུ་རེད་ཟེར།

གཞན་ཡང་ཐུར་ཁེའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཁུའུ་ཨར་ཏིའི་གནད་དོན་དང་འབྲེལ་བའི་ཞི་བདེའི་འཕེལ་རིམ་དེ་དུས་རིམ་ལྔར་བགོས་ནས་སྤེལ་རྒྱུ་ཡིན་པ་དང་། གཙོ་བོ་ཁུའུ་ཨར་ཏི་བཟོ་བའི་ཏང་གིས་མཚོན་ཆ་བསྐྱུར་ནས་རང་བཞིན་དུ་ཁ་ཐོར་ལ་འགྲོ་བ་དེ་ཡིན། རྗེས་མཐུད་དུས་རིམ་ནང་ཁུའུ་ཨར་ཏི་བཟོ་བའི་ཏང་གི་ཁོངས་མི་དག་ཁྲིམས་མཐུན་ངང་ཡང་བསྐྱར་སྤྱི་ཚོགས་ནང་ཞུགས་པ་དང་མི་རིགས་འགྲིག་མཐུན་ལ་སྐུལ་འདེད་གཏོང་བ་སོགས་འདུས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།