ཨ་མེ་རི་ཁས་ཨ་ཧྥེ་རི་ཁ་གླིང་ལ་གནོན་ཤུགས་བྱིན་ནས་མཐར་བསྐྲོད་བཏང་བའི་ཁྲིམས་འགལ་གནས་སྤོར་སྡོད་དམངས་དང་ལེན་བྱེད་དུ་བཅུག་པ་ནེ་ཀྲི་རི་ཡཱ་ཡིས་ཁས་ལེན་མ་བྱས།
2025.07.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ནེ་ཀྲི་རི་ཡཱའི་ཕྱི་འབྲེལ་བློན་ཆེན་ཐུའུ་ཅཱ་ཨར་གྱིས་ཚེས10ཉིན་བཤད་རྒྱུར། ཨ་མེ་རི་ཁས་ནེ་ཀྲི་རི་ཡཱ་སོགས་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་དག་ལ་གནོན་ཤུགས་ཆེན་པོ་བྱིན་ནས། རྒྱལ་ཁབ་དེ་དག་གིས་ཨ་མེ་རི་ཁས་མཐར་བསྐྲོད་བཏང་བའི་ཝེ་ནེ་ཙུའེ་ལཱའི་ཁྲིམས་འགལ་གནས་སྤོར་སྡོད་དམངས་དག་དང་ལེན་བྱེད་དགོས་པའི་རེ་བ་འདོན་བཞིན་ཡོད་ལ། ནེ་ཀྲི་རི་ཡཱ་ཡིས་དོན་དེ་ཁས་ལེན་མ་བྱས།

ཐུའུ་ཅཱ་ཨར་གྱིས་ཉིན་དེའི་དགོང་མོར་ནེ་ཀྲི་རི་ཡཱའི་སྨྱན་བྱད་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ནེ་ཀྲི་རི་ཡཱ་ཡིས་གནོན་ཤུགས་དེར་མགོ་སྒུར་མི་སྲིད་ཟེར། ཁོས་བལྟས་ན་ཨ་མེ་རི་ཁ་དང་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་ཀྱི་ཕྱི་ཕྱོགས་འབྲེལ་བའི་རྙོག་འཛིང་རང་བཞིན་ལ་རྣམ་པ་གསར་བ་ཞིག་བྱུང་ཡོད་པར་འདོད།

ཐུའུ་ཅཱ་ཨར་གྱིས་བཤད་རྒྱུར། ཨ་མེ་རི་ཁས་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་དག་གིས་ཝེ་ནེ་ཙུའེ་ལཱའི་ཁྲིམས་འགལ་གནས་སྤོར་སྡོད་དམངས་དང་ལེན་བྱེད་དགོས་པའི་རེ་བ་བཏོན་ཡོད་ལ། དེའི་ནང་མི་ལ་ལ་ཞིག་ཐད་ཀར་བཙོན་ཁང་ནས་ཡོང་བ་རེད་ཟེར། ནེ་ཀྲི་རི་ཡཱའི་མི་གྲངས་དུང་ཕྱུར2ལས་བརྒལ་ཡོད་པ་དང་། ཕྱི་རྒྱལ་ནས་མཐར་སྐྲོད་བཏང་བའི་མི་ཤོང་ཐབས་མེད་ལ། ཁྱད་པར་དུ་ནག་ཉེས་བསགས་མྱོང་བའི་མི་དེ་དག་དང་ལེན་བྱེད་པའི་ནུས་པ་མེད། ང་ཚོར་རང་ཉིད་ཀྱི་གནད་དོན་མང་བོ་ཐག་གཅོད་བྱེད་དགོས་ཟེར།

ཐུའུ་ཅཱ་ཨར་གྱིས་བཤད་རྒྱུར། གལ་ཏེ་ནེ་ཀྲི་རི་ཡཱ་ཕྱོགས་ཀྱིས་ཨ་མེ་རི་ཁའི་རེ་བ་དེ་དང་ལེན་བྱས་ན་རྒྱུན་མཐུད་མིན་པའི་དཔེ་སྲོལ་ཅིག་ཆགས་སྲིད་པ་དང་། ནེ་ཀྲི་རི་ཡཱ་ཕྱོགས་ཀྱིས་ཨ་མེ་རི་ཁའི་བར་ཕྱི་ཕྱོགས་འབྲེལ་འདྲིས་བྱེད་པར་འབད་འབུངས་བྱེད་ཀྱང་། གྲོས་མོལ་ལ་བརྟེན་ནས་ཕྱོགས་གཉིས་ཀྱི་འགལ་བ་ཐག་གཅོད་བྱེད་པའི་གལ་ཆེན་རང་བཞིན་ནན་བཤད་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།