ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡཱའི་གསར་གཏོད་གླེང་སྟེགས་སྐབས་ཐོག་མ་ཉེ་སྔོན་ཞི་ནེ་ནས་སྤེལ། ཨོ་སི་ཁྲུ་ལི་ཡཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ཚེས11ཉིན་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་མཚམས་སྦྱོར་བྱས་དོན། ཐེངས་འདིའི་གླེང་སྟེགས་ནི་འབྲི་ཆུའི་ཟུར་གསུམ་གླིང་རྒྱལ་ཁབ་ལག་རྩལ་གསར་གཏོད་ལྟེ་གནས་དང་ཞིན་ནན་ཝེ་ཨར་ཧྲི་སློབ་ཆེན་གཉིས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པ་ཡིན་ལ། དམིགས་ཡུལ་ནི་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡཱའི་ཚན་རིག་ཞིབ་འཇུག་གསར་གཏོད་དང་གྲུབ་འབྲས་བརྗེ་རེས་དང་མཉམ་ལས་སུ་བསྒྱུར་བར་སྐུལ་འདེད་གཏོང་ཆེད་རེད་ཟེར།
ཨོ་སི་ཁྲུ་ལི་ཡཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཞའོ་ཆན་གྱིས་གླེང་སྟེགས་ལ་རྟེན་འབྲེལ་ཞུ་ཚིག་ཕུལ་ཏེ། ཕྱོགས་གཉིས་ཀྱིས་ཚན་རྩལ་གསར་གཏོད་མཉམ་ལས་ཇེ་ཟབ་ཏུ་གཏོང་བ་དང་། ལྗང་མདོག་ཐཱན་ཉུང་དང་། འཕྲོད་བསྟེན་བདེ་ཐང་། གཞི་གྲངས་དཔལ་འབྱོར། མི་ཐབས་རིག་ནུས་བཅས་ཀྱི་མཉམ་ལས་ཁྱབ་ཁོངས་རྒྱ་བསྐྱེད་དེ། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡཱའི་གསར་གཏོང་གླེང་སྟེགས་སོགས་སྟེགས་བུའི་ཕན་ནུས་འདོན་སྤེལ་དང་། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡཱའི་མཉམ་ལས་ཀྱི་འཕར་གནས་གསར་བ་མཉམ་དུ་བསྐྲུན་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨོ་སི་ཁྲུ་ལི་ཡཱའི་ས་གནས་སྲིད་གཞུང་དང་སློབ་ཆེན། ཚན་རིག་པ། ཁེ་ལས་བཅས་ཀྲུང་གོར་ཡོང་ནས་བརྗེ་རེས་དང་འཚམས་འདྲི་བྱེད་པར་དགའ་བསུ་བྱེད་པ་དང་། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡཱའི་ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས་ཟེར།
གླེང་སྟེགས་སྟེང་། འབྲི་ཆུའི་ཟུར་གསུམ་གླིང་རྒྱལ་ཁབ་ལག་རྩལ་གསར་གཏོད་ལྟེ་གནས་ཀྱི་ཀྲུའུ་རིན་ལིའུ་ཆིན་གྱིས་སྐུ་མགྲོན་དག་ལ་ལྟེ་གནས་དེས་རྒྱལ་སྤྱིའི་ཚན་ཞིབ་གྲུབ་འབྲས་ཚུལ་བསྒྱུར་ལ་སྐུལ་འདེད་གཏོང་བའི་འབྲེལ་ཡོད་བྱེད་ཐབས་དང་ཕན་འབྲས་མཚམས་སྦྱོར་བྱས། ཞིན་ནན་ཝེ་ཨར་ཧྲི་སློབ་ཆེན་དང་ཞི་ནེ་སློབ་ཆེན། མའོ་ཨར་པིན་སློབ་ཆེན། མའོ་ནཱ་ཧྲི་སློབ་ཆེན་སོགས་མཐོ་རིམ་སློབ་གྲྭ་ནས་ཡོང་བའི་སྐུ་མགྲོན་དག་གིས་མཉམ་ལས་ཁྱབ་ཁོངས་གཙོ་བོར་དམིགས་ནས་འབྲེལ་ཡོད་ཀྱི་ཚན་ཞིབ་གྲུབ་འབྲས་ཚོང་ལས་ཅན་དུ་བསྒྱུར་བའི་གྲུབ་འབྲས་མཉམ་སྤྱོད་བྱས།
མཚམས་སྦྱོར་བྱས་པ་ལྟར་ན། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡཱའི་གསར་གཏོད་གླེང་སྟེགས་ནི་ཉེ་བའི་ལོ་འགའི་རིང་ལ། རྒྱལ་ཁབ་གཉིས་ཀྱིས་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་བརྗོད་སྙིང་དུ་བྱས་པའི་གཞི་རྒྱ་ཆེ་བའི་གླེང་སྟེགས་ཐོག་མ་ཡིན་ཞིང་། རྒྱལ་ཁབ་གཉིས་ཀྱི་ཚན་རིག་ཞིབ་འཇུག་དང་ཐོན་ལས། ཚོང་ར་བཅས་མཉམ་འབྲེལ་གང་ལེགས་བྱེད་པ་དང་། སྲིད་ཇུས་གྲོས་མོལ་དང་ལས་གཞིའི་འགྱུར་ལྡོག མི་སྣའི་བརྗེ་རེས། ཐོན་ལས་ཀྱི་སྦྲེལ་མཐུན་བཅས་ཀྱི་མཉམ་ལས་སྟེགས་བུ་འཛུགས་པར་ཕན་པ་ཡོད་པར་མ་ཟད། རྒྱལ་ཁབ་གཉིས་ཀྱིས་གསར་གཏོད་སྐྱེ་ཁམས་མ་ལག་གི་མཉམ་འདྲེས་འཕེལ་རྒྱས་ལ་རོགས་འདེགས་བྱེད་ཐུབ། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡཱའི་བར་ཐོན་ཁུངས་དང་ལག་རྩལ། ཚོང་ར་བཅས་ཀྱི་ཐད་ཁྱད་སྟོབས་ཁ་གསབ་ཐུབ་པ་ཡིན། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡཱའི་གསར་གཏོད་གླེང་སྟེགས་སྤེལ་བ་དེས་ཕྱོགས་གཉིས་ཀྱི་ཐོན་སྐྱེད་དང་སློབ་སྦྱོང་། ཞིབ་འཇུག མཉམ་ལས་བཅས་ལ་ཤུགས་སྣོན་པ་དང་ཚན་ཞིབ་གྲུབ་འབྲས་ཀྱི་ཚོང་ལས་ཅན་དང་ཐོན་ལས་རིམ་འཕར་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱེད་ཐུབ་ལ། མ་འོངས་པར་རྒྱལ་ཁབ་གཉིས་ཀྱི་གསར་གཏོད་ཁྱབ་ཁོངས་ཀྱི་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་སྒུལ་ཤུགས་གསར་བའང་ཁ་སྣོན་བྱེད་ཐུབ་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།