མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་མཚོ་དམར་གྱི་གྲུ་གཟིངས་ལ་འཇབ་རྒོལ་བྱས་པར་རྒོལ་གཏམ་བཏང་།
2025.07.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས11ཉིན་ཁོའི་མགྲིན་ཚབ་པ་ཏིས་ཡཱ་ལི་ཁི་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་མཚོ་དམར་མཚོ་ཁོངས་སུ་བསྐྱོད་པའི་དམངས་བཀོལ་གྲུ་གཟིངས་ལ་འཇབ་རྒོལ་བྱས་པར་རྒོལ་གཏམ་དྲག་པོ་བཏང་།

གསལ་སྒྲོག་ལས་བཤད་རྒྱུར། དམངས་བཀོལ་གྲུ་གཟིངས་གཉིས་གཟའ་འཁོར་སྔོན་མར་མཚོ་དམར་མཚོ་ཁོངས་སུ་ཧུའུ་སེ་དྲག་ཆས་པའི་འཇབ་རྒོལ་ཐེབས་ནས་རྒྱ་མཚོར་ནུབ་ཏེ། ཉུང་མཐར་ཡང་གྲུ་བ4རྐྱེན་ལམ་དུ་ཤོར་བ་དང་མི་འགར་རྨས་ཕོག་ཡོད་ཟེར། དེ་ནི་གནད་འགག་གི་མཚོ་ཁོངས་གནས་བབ་ཡང་བསྐྱར་ཇེ་སྡུག་ཏུ་སོང་བ་བ་མཚོན་ཡོད། མིག་སྔར་ཉུང་མཐར་ཡང་གྲུ་བ15གར་སོང་རྙེད་མེད་པར་དམིགས་ནས། ཀུའུ་ཐི་ལོས་སི་ཡིས་ཧུའུ་སེ་དྲག་ཆས་པས་སྔོག་བཤེར་འགུལ་སྐྱོད་ལ་བར་ཆད་བཟོ་མི་རུང་བའི་སྐུལ་མ་བཏང་།

གསལ་སྒྲོག་ལས་བཤད་རྒྱུར། ཧུའུ་སེ་དྲག་ཆས་པའི་འཇབ་རྒོལ་འགུལ་སྐྱོད་ལས་གྲུ་བའི་བདེ་འཇགས་ལ་ཉེན་ཁ་བཟོས་པར་མ་ཟད། མཚོ་ཐོག་འགྲུལ་བཞུད་ཀྱི་རང་དབང་ལའང་གནོད་པ་བཟོས་ནས། མཚོ་ཐོག་སྐྱེལ་འདྲེན་ལ་འཇིགས་ཉེན་ཐེབས་ཡོད་ལ། ཁོར་ཡུག་དང་དཔལ་འབྱོར། མི་ཆོས་རིང་ལུགས་ཀྱི་གནད་དོན་ཚབས་ཆེན་བཟོ་སྲིད་ཟེར། ཀུའུ་ཐི་ལོས་སི་ཡིས་ནན་གྱིས་བསྟན་དོན། ཕྱོགས་སོ་སོས་དུས་ནམ་ཡིན་ཡང་ངེས་པར་དུ་རྒྱལ་སྤྱིའི་བཅའ་ཁྲིམས་བརྩི་སྲུང་བྱེད་དགོས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ས་ཁུལ་གྱི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་བར་འབད་འབུངས་བྱེད་བཞིན་ཡོད་ལ། ཡེ་མིན་དང་ས་ཁུལ། རྒྱལ་སྤྱིའི་འབྲེལ་ཡོད་ཕྱོགས་བར་འབྲེལ་འདྲིས་བྱེད་པ་སྲུང་འཛིན་བྱས་ཏེ། ཡུན་རིང་དང་ཞི་བདེའི་སྒོ་ནས་ཡེ་མིན་གྱི་འཁྲུག་རྩོད་གནད་དོན་ཐག་གཅོད་བྱེད་པའི་ཇུས་གཞི་འཚོལ་ཞིབ་བྱེད་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།