ཁཱ་ནཱ་ཏཱའི་ཙུང་ལི་ཡིས་འཛམ་གླིང་ཡོངས་ཀྱི་ཉོ་ཚོང་ལ་ཤུགས་སྣོན་བྱས་ཏེ་ཨ་མེ་རི་ཁའི་སྒོ་ཁྲལ་འཇིགས་ཉེན་ཐག་གཅོད་བྱེད་རྒྱུའི་ཚུལ་བསྟན།
2025.07.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཁཱ་ནཱ་ཏཱའི་ཙུང་ལི་ཁཱ་ནེ་ཡིས་ཚེས10ཉིན་གྱི་དགོང་མོར་ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡི་སྒོ་ཁྲལ་འཇིགས་ཉེན་ཐད་ནས་ལན་བཏབ། ཁོས་བསྟན་དོན། འཛམ་གླིང་གི་ས་ཁུལ་སོ་སོའི་ཉོ་ཚོང་གྲོགས་པོའི་འབྲེལ་བར་ཤུགས་སྣོན་བྱས་ཏེ། ཨ་མེ་རི་ཁའི་སྒོ་ཁྲལ་འཇིགས་ཉེན་ཐག་གཅོད་བྱེད་དགོས་ཟེར།

དེའི་སྔོན་ལ་ཐི་ལིང་ཕུའུ་ཡིས་ཟླ8པའི་ཚེས1ཉིན་ནས་བཟུང་ཁཱ་ནཱ་ཏཱ་ནས་ནང་འདྲེན་བྱེད་པའི་ཚོང་རྫས་ལ་བརྒྱ་ཆའི་སོ་ལྔའི་སྒོ་ཁྲལ་བསྡུ་རྒྱུ་ཁྱབ་བསྒྲགས་བྱས། ཁོས་ཉིན་དེར་སྨྱན་བྱད་སྟེགས་བུའི་སྟེང་ཁཱ་ནེ་ལ་བསྐུར་བའི་འཕྲིན་ཡིག་སྤེལ་ཏེ། ཁཱ་ནཱ་ཏཱ་ཡིས་ཨ་མེ་རི་ཁའི་སྒོ་ཁྲལ་བསྡུ་བར་འཁོན་ལན་སློག་པར་སྐྱོན་འཛུགས་བྱས།

ཁཱ་ནེ་ཡིས་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། མིག་སྔའི་ཨ་མེ་རི་ཁའི་བར་གྱི་ཉོ་ཚོང་གྲོས་མོལ་ཁྲོད། ཁཱ་ནཱ་ཏཱའི་སྲིད་གཞུང་གིས་ནམ་རྒྱུན་རྒྱལ་ཁབ་རང་གི་བཟོ་བ་དང་ཁེ་ལས་ཀྱི་ཁེ་ཕན་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་བཞིན་ཡོད། ང་ཚོས་མུ་མཐུད་དུ་དེ་ལྟར་བྱེད་རྒྱུ་མ་ཟད། ཟླ8པའི་ཚེས1ཉིན་ནི་ཆེས་མཇུག་མའི་ཡུན་ཚད་ལ་གདོང་གཏད་དེ་འབད་བརྩོན་བྱེད་རྒྱུ་ཡིན་ཟེར།

ཁཱ་ནེ་ཡིས་ད་རུང་བསྟན་དོན། ཁཱ་ནཱ་ཏཱ་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་དང་ཞིང་ཆེན་དང་ས་ཁུལ་སོ་སོས་རྒྱལ་ཁབ་ཀྱི་ཁེ་ཕན་དང་འཚམ་པའི་ལས་གཞི་གལ་ཆེན་རབ་དང་རིམ་པ་གསར་འཛུགས་བྱེད་པར་གྲ་སྒྲིག་བྱེད་དགོས་པར་མ་ཟད། འཛམ་གླིང་ཡོངས་ཀྱི་ས་ཁུལ་སོ་སོའི་ཉོ་ཚོང་གྲོགས་པོའི་འབྲེལ་བར་ཤུགས་སྣོན་བྱེད་བཞིན་ཡོད་ཟེར།

ཁཱ་ནཱ་ཏཱའི་ས་གནས་སྨྱན་བྱད་ཀྱིས་ཚེས10ཉིན་བསྒྲགས་པ་ལྟར་ན། ཁཱ་ནཱ་ཏཱ་དང་ཨ་མེ་རི་ཁས་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་རྩེ་ཚོགས་རྗེས་སུ་ཉོ་ཚོང་གྲོས་མོལ་སྤེལ་ཏེ་ཉིན་སུམ་ཅུའི་གྲོས་མོལ་ཡུན་ཚད་གཏན་འཁེལ་བྱས་ཡོད་ཀྱང་། ཚོད་དཔག་བྱས་ན་ཕྱོགས་གཉིས་ཀྱིས་ཉེ་སྔོན་གྲུབ་འབྲས་གལ་ཆེན་ཅི་ཡང་ལོན་མི་སྲིད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།