ཝུའུ་ཁི་ལན་རྒྱལ་ཁབ་བྲེལ་མྱུར་གནས་ཚུལ་ཅུའུ་ཡིས་ཚེས12ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཚེས11ཉིན་གྱི་དགོང་མོ་ནས་ཚེས12ཉིན་གྱི་ཞོགས་པའི་བར། ཨུ་རུ་སིའི་དམག་དཔུང་གིས་ཝུའུ་ཁི་ལན་ནུབ་ཕྱོགས་ཀྱི་ཆེ་ཨར་ནོའུ་ཧྥུའུ་ཚི་མངའ་སྡེ་དང་ལེ་ཨོ་ཧྥུའུ་མངའ་སྡེ་སོགས་སུ་གཞི་རྒྱ་ཆེ་བའི་བར་སྣང་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་མི2རྐྱེན་ལམ་དུ་ཤོར་ཟེར།
ཆེ་ཨར་ནོའུ་ཧྥུའུ་ཚི་མངའ་སྡེའི་དམག་དོན་དོ་དམ་ཅུའུ་ཡིས་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། བར་སྣང་འཇབ་རྒོལ་ལས་ཆེ་ཨར་ནོའུ་ཧྥུའུ་ཚི་གྲོང་ཁྱེར་ནས་མི2རྐྱེན་ལམ་དུ་ཤོར་བ་དང་། མི14ལ་རྨས་ཕོག དེའི་ནང་མི4ཡི་རྨས་སྐྱོན་ཚབས་ཆེན་རེད་ཟེར། འཇབ་རྒོལ་ལས་ད་རུང་སྡོད་དམངས་ཐོག་ཁང་དང་གཞུང་སྒྲུབ་ཐོག་ཁང་། ཚོང་ཁང་། འགྲིམ་འགྲུལ་ཡོ་བྱད་སོགས་ལ་གཏོར་བརླག་ཐེབས་ཡོད་ཟེར།
དེ་ལས་གཞན་ཝུའུ་ཁི་ལན་གྱི་སྲིད་འཛིན་ཙེ་ལིན་སི་ཅི་ཡིས་ཉིན་དེར་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ་བདེན་དཔང་བྱས་དོན། ཨུ་རུ་སིའི་དམག་དཔུང་གིས་ལེ་ཨོ་ཧྥུའུ་མངའ་སྡེ་སོགས་སུ་འཕུར་མདའ26དང་མི་མེད་གནམ་གྲུ597གཏོང་འཕེན་བྱས་པ་དང་། དེའི་ནང་ཕྱེད་ཀའི་ཡན་ནི་དཔུང་འཇུག་ཅན་གྱི་མི་མེད་གནམ་གྲུ་ཡིན་ལ། འཕུར་མདའ20དང་མི་མེད་གནམ་གྲུ་མང་ཆེ་བ་བཀག་འགོག་བྱས་ཡོད་ཟེར།
ལེ་ཨོ་ཧྥུའུ་མངའ་སྡེའི་དམག་དོན་དོ་དམ་ཅུའུ་ཡིས་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། བར་སྣང་འཇབ་རྒོལ་ལས་ལེ་ཨོ་ཧྥུའུ་གྲོང་ཁྱེར་ནས་མི6ལ་རྨས་ཕོག་པ་དང་། གནས་གཉིས་ཀྱི་བཟོ་ལས་རྨང་གཞིའི་སྒྲིག་ཆས་ལ་གཏོར་བརླག་ཐེབས་ཡོད་ཟེར། ལེ་ཨོ་ཧྥུའུ་གྲོང་ཁྱེར་གྱི་ཧྲི་ཀྲང་སཱ་ཏའོ་ཝེ་ཡིས་དྲ་ཐོག་ཏུ་རྩོམ་ཡི་སྤེལ་ཏེ། གྲོང་ཁྱེར་དེའི་སྡོད་དམངས་ཐོག་ཁང46དང་ཚོང་ལས་ལས་ཁུངས20ལྷག དེ་མིན་སློབ་ཆེན་གཅིག་བཅས་ལ་གཏོར་བརླག་ཐེབས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།