ཅིན་ཀྲིན་ཨིན་གྱིས་ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་དང་གྲོས་མོལ་བྱས།
2025.07.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་དྲ་ཚིགས་ཀྱིས་ཚེས12ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་སྲིད་ཨུ་ཡོན་ཀྲང་ཅིན་ཀྲིན་ཨིན་གྱིས་ཉིན་དེར་ཁྲའོ་ཞན་གྱི་ཡོན་ཧྲན་ནས་འཚམས་འདྲིར་ཡོང་བའི་ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་དང་གྲོས་མོལ་བྱས།

བསྒྲགས་པ་ལྟར་ན། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་གྲོས་མོལ་བྱེད་སྐབས་ཨུ་རུ་སིའི་སྲིད་འཛིན་ཕུའུ་ཅིན་གྱིས་ཅིན་ཀྲིན་ཨིན་ལ་འཚམས་འདྲི་བྱེད་པ་བརྒྱུད་སྒྲོག་བྱས། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བཤད་རྒྱུར། ཁྲའོ་ཞན་མི་དམངས་དམག་དཔུང་དང་ཨུ་རུ་སིའི་དམག་མིས་དཔུང་བ་མཉམ་གཤིབ་ཀྱིས་འཐབ་འཁྲུག་བྱས་ཏེ། ཨུ་རུ་སིའི་ཁུའུ་ཨར་སི་ཁི་མངའ་སྡེ་བཅིངས་འགྲོལ་བྱས་ཡོད་ཟེར།

ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཕྱོགས་གཉིས་ཀྱིས་གནད་དོན་གལ་ཆེན་ཐད་ནས་བསམ་འཆར་བརྗེ་རེས་བྱས་པ་དང་། དེའི་དམིགས་ཡུལ་ནི་ལྷག་བསམ་རྣམ་དག་གིས2024ལོའི་ཟླ6པར་ཁྲའོ་ཞན་དང་ཨུ་རུ་སིའི་ཕེན་རང་རྩེ་ཚོགས་ནས་བཀོད་པའི་གྲོས་མཐུན་སྣ་ཚོགས་ལག་བསྟར་བྱེད་རྒྱུ་དེ་རེད། ཅིན་ཀྲིན་ཨིན་གྱིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱིས་འཐབ་ཇུས་གནད་དོན་ཐད་གཅིག་གྱུར་གྱི་ལྟ་ཚུལ་བཟུང་ཡོད་ཅིང་། དེ་རྒྱལ་ཁབ་གཉིས་ཀྱི་མནའ་མཐུན་འབྲེལ་བར་འཚམ་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཚད་མཐོའི་འཐབ་ཇུས་ཆུ་ཚད་མངོན་ཡོད་ཟེར།

ཅིན་ཀྲིན་ཨིན་གྱིས་ཡང་བསྐྱར་བསྐྱར་སྒྲོག་བྱས་དོན། ཁྲའོ་ཞན་གྱིས་ཆ་རྐྱེན་ཅི་ཡང་མེད་པར་ཨུ་རུ་སིའི་མགོ་ཁྲིད་རིམ་པས་རྩ་བའི་ཐོག་ནས་ཝུའུ་ཁི་ལན་གྱི་གནད་དོན་ཐག་གཅོད་བྱེད་ཆེད་སྤྱད་པའི་བྱེད་ཐབས་གང་རུང་ལ་རྒྱབ་སྐྱོར་བྱེད་འདོད་ཡོད་ཟེར།

ཁོས་བསྟན་དོན། ཁྲའོ་ཞན་དང་ཨུ་རུ་སི་ཡིས་རང་འགུལ་དང་ཡར་བརྩོན་གྱི་རྣམ་འགྱུར་བཟུང་ནས་འགྱུར་ལྡོག་འབྱུང་བཞིན་པའི་རྒྱལ་སྤྱིའི་ས་ཁུལ་བར་གྱི་ཆབ་སྲིད་གནས་བབ་ཐག་གཅོད་བྱེད་ཐུབ་པར་ཡིད་ཆེས་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་མཐུན་སྦྱོར་དང་ཕྱི་འབྲེལ་ལངས་ཕྱོགས་ཀྱིས་ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་བདེ་འཇགས་ལ་འགན་སྲུང་བྱེད་པའི་ཐད་བྱས་རྗེས་གལ་ཆེན་འཇོག་ཐུབ་ཟེར།

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བསྟན་དོན། ཨུ་རུ་སི་དང་ཁྲའོ་ཞན་གྱིས་རྒྱལ་སྤྱིའི་གར་སྟེགས་སྟེང་སྔར་ལས་ལྷག་པའི་སྒོ་ནས་འཐབ་ཇུས་མཉམ་ལས་དང་ཐུན་མོང་གོམ་སྟབས་ལ་ཤུགས་སྣོན་རྒྱུ་ཡིན་ཟེར།

བསྒྲགས་པ་ལྟར་ན། ཕྱོགས་གཉིས་ཀྱིས་གསལ་བོར་བསྟན་དོན། ཁྲའོ་ཞན་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་གྱི་ཁེ་ཕན་གཙོ་བོར་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་པ་དང་། ཤུགས་ཆེན་པོས་ཕྱོགས་གཉིས་ཀྱི་འབྲེལ་བ་ཕྱོགས་ཡོངས་ནས་རྒྱ་བསྐྱེད་དང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་སྟེ། རྒྱུན་ཆད་མེད་པར་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་མཛེས་སྡུག་གི་མ་འོངས་པ་གསར་སྐྲུན་བྱེད་རྒྱུ་ཡིན་ཟེར།

ཚེས12ཉིན་གྱི་སྔ་དྲོར། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ད་རུང་ཁྲའོ་ཞན་གྱི་ཕྱི་འབྲེལ་བློན་ཆེན་ཚོས་ཧྲན་ཅི་དང་མཉམ་དུ་སྐོར་ཐེངས་གཉིས་པའི་ཨུ་རུ་སི་དང་ཁྲའོ་ཞན་གྱི་ཕྱི་འབྲེལ་བློན་ཆེན་རིམ་པའི་འཐབ་ཇུས་གྲོས་མོལ་སྤེལ་བ་རེད།

ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས12ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་ཕྱི་འབྲེལ་པུའུ་ཡིས་གདན་དྲངས་པ་ལྟརན། ལཱ་ཧྥུའུ་ལོ་ཧྥུའུ་ཚེས11ཉིན་གྱི་དགོང་མོར་ཡོན་ཧྲན་ཀི་མཱ་གནམ་གྲུ་ཐང་དུ་འབྱོར་ནས། ཁྲའོ་ཞན་ལ་འཚམས་འདྲི་བྱེད་མགོ་བརྩམས་པ་ཡིན་ལ། ཚེས13ཉིན་བར་འཚམས་འདྲི་བྱེད་རྒྱུ་རེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།