དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་གྱི་དམིགས་འབེན250ཙམ་ལ་བར་སྣང་འཇབ་རྒོལ་བྱས།
2025.07.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས12ཉིན་གསལ་སྒྲོག་སྤེལ་ཏེ། འདས་པའི་དུས་ཚོད48ནང་། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་གྱི་དམིས་འབེན250ཙམ་ལ་བར་སྣང་འཇབ་རྒོལ་བྱས་པ་དང་། དེའི་ནང་མཚོན་ཆ་གསོག་འཇོག་བྱེད་སའི་སྒྲིག་ཆས་དང་ས་འོག་ཕུག་ལམ། ཐན་ཁི་འཁོར་ལོར་རྒོལ་བའི་འཕུར་མདའི་གཏོང་འཕེན་བྱེད་ས་སོགས་འདུས་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་བསྟུད་མར་ཅཱ་ཧྲ་ས་ཁུལ་ནས་དྲག་ཆས་རྩ་འཛུགས་ལ་དམིགས་པའི་དམག་དོན་འགུལ་སྐྱོད་སྤེལ་བ་དང་། འདས་པའི་ཉིན་གཅིག་གི་རིང་ལ། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲའི་བྱང་ངོས་ཀྱི་པེད་ཐི་ཧཱ་ནུན་ས་ཁུལ་དུ་དམག་དོན་འགུལ་སྐྱོད་སྤེལ་ནས། དྲག་ཆས་མི་སྣ་གཙང་ཕྱགས་བྱས་པར་མ་ཟད་འབྲེལ་ཡོད་མཚོན་ཆ་དང་ས་འོག་སྒྲིག་ཆས་ལ་གཏོར་བརླག་བཏང་ཡོད་ཟེར།

ཕཱ་ལེ་སི་ཐན་འཕྲིན་གཏོང་ཁང་གིས་ཚེས11ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་དུ་དམག་དོན་འགུལ་སྐྱོད་སྤེལ་བ་ལས་ཉིན་དེར་ཉུང་མཐར་ཡང་ཕཱ་ལེ་སི་ཐན་གྱི་མི34རྐྱེན་ལམ་དུ་ཤོར་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།