ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས12ཉིན་དྲ་ཐོག་ཏུ་སྤེལ་བའི་གནས་ཚུལ་ལྟར་ན། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་དང་ཁྲའོ་ཞན་གྱི་ཕྱི་འབྲེལ་བློན་ཆེན་ཚོས་ཧྲན་ཅི་གཉིས་ཀྱིས་ཉིན་དེར་ཁྲའོ་ཞན་གྱི་ཡོན་ཧྲན་ནས་སྐོར་ཐེངས་གཉིས་པའི་ཨུ་རུ་སི་དང་ཁྲའོ་ཞན་གྱི་ཕྱི་འབྲེལ་བློན་ཆེན་རིམ་པའི་འཐབ་ཇུས་གྲོས་མོལ་སྤེལ།
བསྒྲགས་པ་ལྟར་ན། ཕྱོགས་གཉིས་ཀྱིས་ཁྲའོ་ཞན་ཕྱེད་གླིང་དང་ཨེ་ཤ་ཡཱའི་བྱང་ཤར་ས་ཁུལ་གྱི་གནས་བབ་ཐད་ནས་བསམ་འཆར་བརྗེ་རེས་བྱས་ཤིང་། ཆབ་སྲིད་དང་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་མིག་སྔའི་གནད་དོན་ཐག་གཅོད་བྱེད་པར་མཉམ་དུ་འབད་འབུངས་བྱེད་པ་དང་། ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ཨེ་ཤ་ཡཱའི་བྱང་ཤར་ས་ཁུལ་དང་ཐ་ན་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་ཛ་དྲག་གནས་བབ་ཇེ་སྡུག་ཏུ་གཏོང་འདོད་པའི་བཙན་དབང་ཧམ་སེམས་ལ་མཉམ་དུ་འགོག་རྒོལ་བྱེད་རྒྱུ་བསམ་ཚུལ་གསལ་བོར་བསྟན།
ལཱ་ཧྥུའུ་ལོ་ཧྥུའུ་ཡིས་འཐབ་ཇུས་གྲོས་མོལ་མཇུག་སྒྲིལ་རྗེས་གསར་འགོད་པར་བཤད་རྒྱུར། ཨུ་རུ་སི་དང་ཁྲའོ་ཞན་ཕྱོགས་གཉིས་ཀྱིས་བལྟས་ན། ཁྲའོ་ཞན་ཕྱེད་གླིང་གི་གནད་དོན་ཐག་གཅོད་བྱས་མེད་པ་དེ་ཨེ་ཤ་ཡཱ་བྱང་ཤར་ས་ཁུལ་གྱི་སྤྱིའི་གནས་བབ་དང་ས་ཁུལ་གྱི་རྒྱལ་ཁབ་སོ་སོའི་འདྲ་མཉམ་གཉིས་ཕན་མཉམ་ལས་ཐད་ཤུགས་རྐྱེན་ངན་པ་ཐེབས་སྲིད་པར་འདོད། ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དུ་གུ་དོག་པའི་སྡེ་ཚོགས་མནའ་འབྲེལ་བཙུགས་ནས་བྱང་ཆིངས་རྩ་འཛུགས་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྩིས་བྱེད་པ་ནི་ཉེན་ཁའི་བྱ་སྤྱོད་ཅིག་ཡིན་པར་བསམ་ཡོད་ཟེར། ཁྲའོ་ཞན་ཕྱོགས་ཀྱིས་བསྟན་དོན། ཨུ་རུ་སིའི་དམིགས་བསལ་དམག་དོན་འགུལ་སྐྱོད་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་པ་དང་། ཨུ་རུ་སིའི་ཕྱོགས་ཀྱིས་ཁྲའོ་ཞན་གྱི་མི་དམངས་དམག་དཔུང་གིས་ཨུ་རུ་སིའི་ཁུའུ་ཨར་སི་ཁི་མངའ་སྡེ་ཕྱིར་ལེན་པའི་ཐད་བྱས་རྗེས་བཞག་པར་བཀའ་དྲིན་ཞུས།
ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ད་རུང་བཤད་རྒྱུར། 2024ལོའི་ཟླ6པར་ཨུ་རུ་སི་དང་ཁྲའོ་ཞན་གྱིས་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ཆིངས་ཡིག་བཀོད་པ་དང་བསྟུན་ནས། ཨུ་རུ་སི་དང་ཁྲའོ་ཞན་གྱི་དཔལ་འབྱོར་ཉོ་ཚོང་དང་མི་གཞུང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་གྲུབ་འབྲས་བཟང་བོ་ཐོབ་ཡོད་ལ། ཕྱོགས་གཉིས་ཀྱིས་ད་རུང་མཚོ་ཐོག་གི་འགྲུལ་བཞུད་ལམ་ཐིག་སླར་གསོ་བྱས་ཏེ། ཡུལ་སྐོར་ལས་རིགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།