ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས12ཉིན་དཔོན་ཕྱོགས་དྲ་ཐོག་ཏུ་གསལ་སྒྲོག་སྤེལ་ཏེ། ཡོ་རོབ་གླིང་མནའ་འབྲེལ་གཙོ་བྱས་པའི་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ཨུ་རུ་སིའི་ཕྱོགས་གཅིག་བཀག་སྡོམ་བྱེད་ཐབས་ལ་ཤུགས་སྣོན་བྱས་པའི་དབང་གིས་ཨུ་རུ་སི་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བཀོད་པའི་ཞིང་ལས་ཐོན་རྫས་ཕྱིར་གཏོང་གི་བཟོད་སྒོམ་བརྗེད་ཐོ་དེ་ལག་བསྟར་མཐའ་འཁྱོལ་བྱེད་ཐུབ་མེ་ཟེར།
ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་བཤད་རྒྱུར། སོ་སོར་ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གཞོན་པ་ཝེ་ཨར་ཞི་ཉིང་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉོ་ཚོང་དང་འཕེལ་རྒྱས་གྲོས་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀི་ལིན་སི་ཕན་གཉིས་འཐུས་ཚབ་ཡིན་པའི་ཕྱོགས་གཉིས་ཀྱི་འཐུས་ཚབ་ཚོགས་པས་ཚེས11ཉིན་སུའེ་ཙེར་གྱི་རི་ནེ་ཝ་ནས་བཟོད་སྒོམ་བརྗེད་ཐོ་དེ་དངོས་འབེབས་བྱེད་པའི་ཐད་ནས་ཆེས་མཇུག་མཐའི་གྲོས་མོལ་སྤེལ་ཟེར།
ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་བསྟན་དོན། བཟོད་སྒོམ་བརྗེད་ཐོ་དེ2022ལོའི་ཟླ7པའི་ཚེས22ཉིན་བཀོད་པ་དང་ཡུན་ཚད་ལོ་ངོ་གསུམ་ཡིན། བཟོད་སྒོམ་བརྗེད་ཐོ་དེ་ནི་ཨུ་རུ་སིའི་འབྲུ་རིགས་དང་ལུད་རྫས་བཀག་མེད་ངང་རྒྱལ་སྤྱིའི་ཚོང་རར་འདྲེན་པར་འགན་སྲུང་བྱེད་ཆེད་ཡིན་ཡང་། ལག་བསྟར་བྱེད་སྐབས་གཏན་འཁེལ་བྱས་པའི་མ་ལག་རང་བཞིན་གྱི་ལས་འགན་སྣ་ལྔ་བོ་ལག་བསྟར་མཐའ་འཁྱོལ་བྱུང་མེད་ཟེར།
ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་བལྟས་ན། ཆེད་དམིགས་ཀྱི་ཨུ་རུ་སིའི་ཞིང་ལས་ཐོན་རྫས་ཕྱིར་གཏོང་གི་དངུལ་ཁང་རྩིས་སྤྲོད་ཐབས་ལམ་འཛུགས་པ་དང་། དགོས་མཁོ་ཡོད་པའི་རྒྱལ་ཁབ་ལ་རིན་མེད་དུ་ཨུ་རུ་སིའི་ལུད་རྫས་འདོན་སྤྲོད་བྱེད་པ་སོགས་ཀྱི་གྲོས་གཞི་དངོས་འབེབས་བྱེད་པར་མདུན་ལྗོངས་ཡོད་པར་འདོད། བཟོད་སྒོམ་བརྗེད་ཐོ་དེའི་ཡུན་ཚད་ཟླ་འདིར་ལོངས་པ་དང་། ཨུ་རུ་སི་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མུ་མཐུད་དུ་གོང་སྨྲས་ཀྱི་གྲོས་གཞིར་དམིགས་ནས་མཉམ་ལས་སྤེལ་ཆོག་པར་འདོད།
བསོད་ནམས་ཚེ་རིང་གིས་བསྒྱུར།