ཁྲའོ་ཞན་གྱིས་ཨ་མེ་རི་ཁ་དང་འཇར་པན། ཧན་གོ་བཅས་ཀྱི་དམག་དོན་འགུལ་སྐྱོད་ལས་ས་ཁུལ་གྱི་ཞི་བདེ་ལ་འཇིགས་ཉེན་བཟོས་པར་རྒོལ་གཏམ་བཏང་།
2025.07.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས13ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་རྒྱལ་སྲུང་པུའུ་ཡི་སྲིད་ཇུས་ཁང་གི་དཔོན་པོས་ཉེ་སྔོན་གཏམ་བཤད་སྤེལ་ཏེ། ཨ་མེ་རི་ཁ་དང་འཇར་པན། ཧན་གོ་བཅས་ཀྱི་དམག་དོན་འགུལ་སྐྱོད་ལས་ས་ཁུལ་གྱི་ཞི་བདེ་ལ་འཇིགས་ཉེན་བཟོས་པར་རྒོལ་གཏམ་བཏང་།

གཏམ་བཤད་ལས་བཤད་རྒྱུར། ཨ་མེ་རི་ཁ་དང་འཇར་པན། ཧན་གོ་བཅས་ཀྱིས་ཉེ་སྔོན་དུས་བཅད་ལྟར་འཇིགས་ཉེན་གྱི་ངོ་བོ་ལྡན་པའི་དམག་དོན་མཉམ་ལས་དང་དམག་དོན་འགུལ་སྐྱོད་སྤེལ་བས། ཁྲའོ་ཞན་ཕྱེད་གླིང་དང་ཉེ་འཁོར་ས་ཁུལ་གྱི་ཛ་དྲག་གི་གནས་བབ་སྔར་ལས་ཇེ་སྡུག་ཏུ་སོང་བའི་ཉེན་ཁའི་རྒྱུ་གཙོ་བོར་གྱུར་ཡོད། ཟླ་འདིའི་ཚེས11ཉིན་ཨ་མེ་རི་ཁ་དང་འཇར་པན། ཧན་གོ་བཅས་ཀྱིས་འཐབ་ཇུས་འགས་གཏོར་གནམ་གྲུ་དང་བཅས་པའི་འཐབ་འཛིང་གནམ་གྲུ་སྣ་ཚོགས་མངགས་ཏེ་ཕྱེད་གླིང་ཉེ་འཁོར་གྱི་བར་སྣང་ནས་དཀྲུག་འཕེན་རང་བཞིན་གྱི་ཕྱོགས་གསུམ་མཉམ་འབྲེལ་བར་སྣང་དམག་དོན་སྦྱོང་བརྡར་སྤེལ། ཉིན་དེར་ད་རུང་སྤྱི་ཁྱབ་ཇུས་འདོན་དཔོན་པོའི་གྲོས་ཚོགས་བསྡུས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ཁྲའོ་ཞན་སོགས་ས་ཁུལ་སོགས་ས་ཁུལ་གྱི་རྒྱལ་ཁབ་དག་ལ་དམིགས་པའི་ཕྱོགས་གསུམ་དམག་དོན་མཉམ་ལས་ལ་སྐུལ་འདེད་གཏོང་བའི་གཡོ་ཇུས་མངོན་སུམ་འཛེམ་མེད་ཀྱིས་མངོན་པར་བྱས་ཡོད་ཟེར།

གཏམ་བཤད་ལས་ནན་གྱིས་བསྟན་དོན། ཨ་མེ་རི་ཁ་དང་འཇར་པན། ཨ་མེ་རི་ཁ་དང་ཧན་གོའི་དམག་དོན་མནའ་མཐུན་དེ་ཉིང་རྡུལ་གཙོ་བྱས་པའི་ཕྱོགས་གསུམ་དམག་དོན་མནའ་མཐུན་དུ་གྱུར་ཡོད་ལ། ཕྱོགས་གསུམ་དམག་དོན་མཉམ་ལས་ལ་ཁྱབ་ཁོངས་སོ་སོ་ནས་མྱུར་མོར་སྐུལ་འདེད་བཏང་། མི་ཀུན་གྱིས་སེམས་ཁུར་བྱེད་པའི་གནས་བབ་དེ་ལས་ཕྱེད་གླིང་ས་ཁུལ་གྱི་དུས་ཡུན་རིང་བོའི་གཏན་འཇགས་མིན་པ་དང་ཛ་དྲག་གི་གནས་བབ་དུས་ངེས་མེད་དུ་སྔོན་དཔག་བྱེད་དཀའ་བའི་དམག་དོན་འཁྲུག་རྩོད་འབྱུང་བའི་སྔོན་བརྡ་ལྟ་བུ་རེད་ཟེར།

གཏམ་བཤད་ལས་བཤད་རྒྱུར། ས་ཁུལ་བདེ་འཇགས་ཀྱི་གཞི་རྩར་འཇིགས་ཉེན་ཐེབས་པའི་ཕྱོགས་མང་དམག་དོན་མནའ་མཐུན་ལ་ཤུགས་སྣོན་བྱས་པ་དང་། བཙན་འཛུལ་གྱི་ངོ་བོ་མངོན་གསལ་ཡིན་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སོགས་དམག་དོན་དཀྲུག་འཕེན་འགུལ་སྐྱོད་ལ་དམིགས་ནས། ངོ་རྒོལ་བྱེད་ཐབས་སྤྱོད་པ་ནི་ཁྲའོ་ཞན་གྱི་ལུགས་མཐུན་ཁེ་དབང་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།