ཕཱ་ལེ་སི་ཐན་ཅཱ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཚེས13ཉིན་གསལ་སྒྲོག་སྤེལ་ཏེ། 2023ལོའི་ཟླ10བར་སྐོར་ཐེངས་གསར་བའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་བྱུང་བའི་ཚུན་ལ། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དུ་དམག་དོན་འགུལ་སྐྱོད་སྤེལ་བ་ལས་མི་ཁྲི་ལྔ་དང་སྟོང་བརྒྱད་ཉེར་དྲུག་རྐྱེན་ལམ་དུ་ཤོར་བ་དང་། མི་འབུམ་གཅིག་དང་ཁྲི་གསུམ་སྟོང་བརྒྱད་ལྔ་བརྒྱ་ཉི་ཤུ་ལ་རྨས་ཕོག་ཡོད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། འདས་པའི་དུས་ཚོད24རིང་ལ། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དུ་དམག་དོན་འགུལ་སྐྱོད་སྤེལ་བ་ལས་མི134རྐྱེན་ལམ་དུ་ཤོར་བ་དང་མི425ལ་རྨས་ཕོག་ཡོད་ཟེར།
ཕཱ་ལེ་སི་ཐན་འཕྲིན་གཏོང་ཁང་གིས་ཚེས13ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅཱ་ཧྲའི་དབུས་ཕྱོགས་ཀྱི་ནོའུ་སེ་ལའེ་ཐི་ས་ཁུལ་གྱི་ཆུ་ལེན་ས་ཞིག་ལ་འགས་གཏོར་བཏང་སྟེ། ཉུང་མཐར་ཡང་མི10རྐྱེན་ལམ་དུ་ཤོར་བ་དང་། མི16ལ་རྨས་ཕོག དབྱི་སི་རལ་གྱི་དམག་དཔུང་གིས་ད་རུང་ཅཱ་ཧྲའི་བྱང་ངོས་ཀྱི་ཅཱ་ཧྲ་མཁར་གྱི་ཚོང་ར་ཞིག་ལ་འགས་གཏོར་བཏང་སྟེ། ཉུང་མཐར་ཡང་མི15རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་ཕྲག་འགའ་ལ་རྨས་ཕོག་ཡོད་ཟེར།
དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས13ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱིས་མུ་མཐུད་དུ་ཅཱ་ཧྲ་ས་ཁུལ་གྱི་དྲག་ཆས་རྩ་འཛུགས་ལ་དམིགས་ནས་དམག་དོན་འགུལ་སྐྱོད་སྤེལ་བ་དང་། འདས་པའི་ཉིན་གཅིག་གི་ནང་། དབྱི་སི་རལ་གྱི་མཁའ་དམག་གིས་ཅཱ་ཧྲའི་ས་ཁུལ་སོ་སོ་ནས་དམིགས་འབེན150ལྷག་ལ་ཆམ་ཕབ་བཏང་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།