སུའུ་ཏན་དམངས་ཁྲོད་ལས་ཁུངས་དང་ས་གནས་རྩ་འཛུགས་ཀྱིས་ཚེས13ཉིན་བསྒྲགས་པ་ལྟར་ན། རྒྱལ་ཁབ་དེའི་ཁི་ཨར་ཏའོ་ཧྥན་བྱང་མ་མངའ་སྡེའི་ས་ཁུལ་མང་བོར་སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གི་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་མི་སེར་དཀྱུས་མ18རྐྱེན་ལམ་དུ་ཤོར་ཡོད་ཟེར།
སུའུ་ཏན་དམངས་ཁྲོད་ལས་ཁུངས་སུའུ་ཏན་སྨན་པའི་དྲ་ཚིགས་ཀྱིས་ཚེས13ཉིན་གསལ་སྒྲོག་སྤེལ་ཏེ། སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་ཁི་ཨར་ཏའོ་ཧྥན་བྱང་མ་མངའ་སྡེའི་ཧྲ་ཁི་ནོའུ་མུའུ་ས་ཁུལ་དུ་འཇབ་རྒོལ་བྱས་ཏེ། བྱིས་པ་གསུམ་དང་བཅས་པའི་མི་སེར་དཀྱུས་མ11རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་བུད་མེད9དང་བཅས་པའི་མི31ལ་རྨས་ཕོག་ཡོད་ཟེར།
གསལ་སྒྲོག་ལས་ད་རུང་སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་མི་ཆོས་རིང་ལུགས་ཀྱི་རྩ་དོན་དང་རྒྱལ་སྤྱིའི་སྤྱི་ཆིངས་ལ་འགལ་བའི་བྱ་སྤྱོད་སྤེལ་ནས་བསྟུད་མར་མི་སེར་དཀྱུས་མར་འཇབ་རྒོལ་བྱས་པར་སྐྱོན་འཛུགས་བྱས་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མྱུར་མོར་འགུལ་སྐྱོད་སྤེལ་ཏེ་དྲག་སྤྱོད་དེར་བཀག་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།
གནས་ཚུལ་དངོས་སུ་མཐོང་མཁན་གྱིས་གསར་འགོད་པར་བདེན་དཔང་བྱས་དོན། སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་ཚེས12ཉིན་གྱི་ཞོགས་པར་འཐབ་འཁོར་བསྐོར་ནས་ཧྲ་ཁི་ནོའུ་མུའུ་ས་ཁུལ་དུ་ཡོང་ནས་མི་སེར་དཀྱུས་མར་མེ་མདས་བརྒྱབ་པ་རེད་ཟེར།
གཞན་ཡང་སུའུ་ཏན་ས་གནས་རྩ་འཛུགས་ཁི་ཨར་ཏའོ་ཧྥན་བྱང་མའི་འགོག་རྒོལ་ཨུ་ཡོན་ལྷན་ཁང་གིས་ཚེས13ཉིན་གསལ་སྒྲོག་སྤེལ་ཏེ། སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་ཚེས12ཉིན་གྱི་དགོང་མོར་ཁི་ཨར་ཏའོ་ཧྥན་བྱང་མ་མངའ་སྡེའི་བྱང་ངོས་ཀྱི་པཱ་ལཱ་གྲོང་ཁྱེར་ཉེ་འདབས་ཀྱི་སྡེ་བ་གཉིས་ལ་འཇབ་རྒོལ་བྱས་ཏེ། ཚོང་ཁང་འཕྲོག་བཅོམ་བྱེད་རྩིས་བྱེད་སྐབས་ངོ་རྒོལ་ཐེབས་ནས། དེའི་རྗེས་སུ་མེ་མདས་བརྒྱབ་ནས་ཉུང་མཐར་ཡང་སྡེ་མི7རྐྱེན་ལམ་དུ་ཤོར་བ་དང་། མི་མང་བོར་རྨས་ཕོག་ཟེར།
སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་ད་རུང་འཇབ་རྒོལ་དོན་རྐྱེན་དེ་གཉིས་ཐད་ནས་རྣམ་འགྱུར་ཅི་ཡང་བསྟན་མེད།
བསོད་ནམས་ཚེ་རིང་གིས་བསྒྱུར།