ཝུའུ་ཁི་ལན་གྱིས་ཨུ་རུ་སིའི་གསང་མྱུལ་བ་གཉིས་བསད།
2025.07.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཝུའུ་ཁི་ལན་རྒྱལ་ཁབ་བདེ་འཇགས་ཅུའུ་ཡིས་ཚེས13ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ཅུའུ་དེ་ཡིས་ཉིན་དེའི་སྔ་དྲོར་ཅི་ཧྥུའུ་མངའ་སྡེ་ནས་སྤེལ་བའི་དམིགས་བསལ་འགུལ་སྐྱོད་ཅིག་གི་ཁྲོད། ཉེ་སྔོན་ཅུའུ་དེའི་དམག་དཔོན་ལྐོག་གསོད་བྱས་པའི་ཨུ་རུ་སིའི་གསང་མྱུལ་བ་གཉིས་བསད་ཟེར།

ཝུའུ་ཁི་ལན་རྒྱལ་ཁབ་བདེ་འཇགས་ཅུའུ་ཡི་ཅུའུ་ཀྲང་མཱ་ལིའུ་ཁི་ཡིས་བཤད་རྒྱུར། ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཅུའུ་ཡི་གསང་མྱུལ་བའི་ཚན་ཆུང་སྔ་མོ་ནས་ཝུའུ་ཁི་ལན་གྱི་མངའ་ཁོངས་སུ་ཡོང་བ་དང་། ཉིན་གསུམ་གྱི་སྔོན་ལ་ཝུའུ་ཁི་ལན་རྒྱལ་ཁབ་བདེ་འཇགས་ཅུའུ་ཡི་དམག་དཔོན་དབྱེ་ཝན་ཨོ་ལོ་ནེ་ཆི་ལྐོག་གསོད་བྱས་པ་རེད་ཟེར།

ཝུའུ་ཁི་ལན་རྒྱལ་ཁབ་བདེ་འཇགས་ཅུའུ་ཡིས་བཤད་རྒྱུར། རྟོག་ཞིབ་བྱས་པ་བརྒྱུད་ལྐོག་གསོད་འགུལ་སྐྱོད་དེ་གསང་མྱུལ་བ་སྐྱེས་པ་བུད་མེད་གཉིས་ཀྱིས་ཡོངས་འགྲུབ་བྱས་པ་རེད། ཝུའུ་ཁི་ལན་རྒྱལ་ཁབ་བདེ་འཇགས་ཅུའུ་ཡིས་གསང་བའི་ཞིབ་བཤེར་དང་གསང་མྱུལ་བར་རྒོལ་བའི་བྱེད་ཐབས་སྤྱད་དེ། ཅི་ཧྥུའུ་མངའ་སྡེ་ནས་ཨུ་རུ་སིའི་གསང་མྱུལ་བ་སྦས་སྐོང་བྱེད་ས་རྙེད་པ་དང་། འཛིན་བཟུང་བྱེད་པའི་བརྒྱུད་རིམ་ཁྲོད་ཕྱོགས་གཉིས་ཀྱི་བར་འཁྲུག་རྩོད་བྱུང་སྟེ། ཨུ་རུ་སིའི་གསང་མྱུལ་བ་གཉིས་བསད་པ་རེད་ཟེར།

ཝུའུ་ཁི་ལན་ཕྱོགས་ཀྱིས་བཤད་ཚུལ་དེའི་ཐད་ནས་ཨུ་རུ་སིའི་དཔོན་ཕྱོགས་ཀྱིས་མིག་སྔར་རྣམ་འགྱུར་ཅི་ཡང་བསྟན་མེད།


བསོད་ནམས་ཚེ་རིང་གིས་བསྒྱུར།