སི་རི་ཡཱའི་བརྙན་འཕྲིན་ཁང་གིས་ཚེས13ཉིན་བསྒྲགས་པ་ལྟར་ན། སི་རི་ཡཱའི་ལྷོ་ཕྱོགས་ཀྱི་སུའུ་ཝེ་ཏཱ་ཞིང་ཆེན་དུ་ཉིན་དེར་དྲག་ཆས་འཁྲུག་རྩོད་བྱུང་སྟེ། མིག་སྔར་མི10རྐྱེན་ལམ་དུ་ཤོར་བ་དང་། མི50ལ་རྨས་ཕོག་ཡོད་ཟེར།
བསྒྲགས་པའི་གནས་ཚུལ་ལས་བྱེ་བྲག་གི་ནང་དོན་གླེང་མེད། སུའུ་ཝེ་ཏཱ་ཞིང་ཆེན་གྱི་ས་གནས་སྨན་ཁང་གི་ལས་བྱེད་མི་སྣས་བདེན་དཔང་བྱས་དོན། ཐེངས་འདིའི་འཁྲུག་རྩོད་ལས་མི10རྐྱེན་ལམ་དུ་ཤོར་ཡོད་ཟེར།
གཞན་ཡང་སྤྱི་ཁྱབ་པུའུ་དབྱིན་ཇི་རུ་ཡོད་པའི་སི་རི་ཡཱའི་འགྲོ་མིའི་ཐོབ་ཐང་ལྟ་ཞིབ་རྩ་འཛུགས་ཀྱིས་བསྒྲགས་པ་ལྟར་ན། འཁྲུག་རྩོད་ནི་ས་དེའི་ཏི་ལུའུ་ཙི་སྡེ་ཁག་དང་པེ་ཏུའུ་ཡུན་ཚོ་བའི་བར་བྱུང་བ་དང་། མིག་སྔར་ཉུང་མཐར་ཡང་མི18རྐྱེན་ལམ་དུ་ཤོར་ཡོད་ལ། མི50ལ་རྨས་ཕོག་ཡོད་ཟེར།
རྩ་འཛུགས་དེས་བཤད་རྒྱུར། དྲག་ཆས་འཁྲུག་རྩོད་ཆེས་ཐོག་མར་བྱུང་ས་ནི་སུའུ་ཝེ་ཏཱ་ཞིང་ཆེན་ཤར་ངོས་ཀྱི་མུའུ་ཁཱ་ཝ་སི་ས་ཁུལ་ཡིན་པ་དང་། འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱིས་ཉིན་དེར་འཁྲུག་རྩོད་དྲག་པོ་བྱས་ཡོད་ལ། ས་དེའི་སྡོད་དམངས་ཀྱིས་མེ་མདའ་དང་མེ་སྒྱོགས་ཀྱི་མང་བོ་ཐོས་ཡོད། དེའི་རྗེས་སུ་འཁྲུག་རྩོད་དེ་སུའུ་ཝེ་ཏཱ་ཞིང་ཆེན་གྱི་ནུབ་ཕྱོགས་དང་བྱང་ཕྱོགས་ས་ཁུལ་དུ་མཆེད་ཡོད། ས་དེའི་སྡེ་ཁུལ་གྱི་མགོ་བས་འཁྲུག་རྩོད་ལ་བར་འདུམ་བྱེད་རྩིས་བྱས་ཀྱང་། འཁྲུག་རྩོད་དེ་སྔར་ལས་ཛ་དྲག་ཏུ་འགྱུར་ཉེན་ཡོད་ཟེར།
རྩ་འཛུགས་དེས་བཤད་རྒྱུར། ཉེ་ལམ་སི་རི་ཡཱའི་ལྷོ་ཕྱོགས་ནས་རྒྱལ་ས་ཏཱ་མཱ་ཧྲི་ཀི་རུ་བགྲོད་པའི་གཞུང་ལམ་འགྲམ་བརྒྱུད་དུ་བཙན་ཁྲིད་དང་དྲག་ཆས་འཇབ་རྒོལ་དོན་རྐྱེན་མང་དུ་འབྱུང་བཞིན་ཡོད། ཐེངས་འདིའི་དྲག་ཆས་འཁྲུག་རྩོད་ནི་ཏི་ལུའུ་ཙི་ན་གཞོན་ཞིག་ལ་ས་དེའི་ཞིབ་བཤེར་ས་ཚིགས་ཤིག་གི་ཉེ་འདབས་ནས་པེ་ཏུའུ་ཡུན་ཚོ་བའི་མི་སྣའི་འཇབ་རྒོལ་དང་འཕྲོག་བཅོམ་ཐེབས་པའི་དབང་གིས་བྱུང་བ་རེད། དེར་འཁོན་ལན་སློག་ཆེད་ཏི་ལུའུ་ཙི་དྲག་ཆས་མི་སྣས་པེ་ཏུའུ་ཡུན་ཚོ་བའི་མི་འགའ་བཀག་འཇུག་བྱས་པས་འཁྲུག་རྩོད་སྔར་ལས་ཛ་དྲག་ཏུ་གྱུར་བ་རེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།