པཱ་ཞི་ཡིས་ཨ་མེ་རི་ཁའི་ཉོ་ཚོང་གནོན་ཤུགས་ལ་མགོ་སྒུར་མི་སྲིད་པའི་ཚུལ་བསྟན།
2025.07.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་ཡང་བསྐྱར་སྒོ་ཁྲལ་ཁ་སྣོན་བྱེད་པའི་འཇིགས་སྐུལ་བྱས་པར་དམིགས་ནས། པཱ་ཞིའི་ཞིང་ལས་པུའུ་ཀྲང་ཧྥ་ཝ་ལོ་ཡིས་ཉེ་སྔོན་བསྟན་དོན། པཱ་ཞི་ཡིས་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་ཉོ་ཚོང་རྒྱ་བསྐྱེད་དེ་ཕྱིར་གཏོང་གི་ཐབས་ལམ་གསར་བ་གསར་འབྱེད་བྱེད་རྒྱུ་ཡིན་ཟེར།

ཧྥ་ཝ་ལོ་ཡིས་ཚེས11ཉིན་མཱ་ཐའོ་ཀི་ལོ་སོ་མངའ་སྡེ་རུ་བྱ་འགུལ་ལ་ཞུགས་སྐབས་བཤད་རྒྱུར། གལ་ཏེ་ཐི་ལིང་ཕུའུ་ཡིས་བརྒྱ་ཆའི་ལྔ་བཅུའི་སྒོ་ཁྲལ་ཁ་སྣོན་བྱས་ན་ང་ཚོས་མགོ་སྒུར་རྒྱུ་རེད་བསམ་ན་དེ་དཔེ་མི་སྲིད་ལ། པཱ་ཞི་ཡིས་འཁོན་ལན་སློག་པའི་འགུལ་སྐྱོད་སྤེལ་བའི་དབང་ཆ་ཡོད། པཱ་ཞིའི་རྒྱལ་དམངས་གྲོས་ཁང་གིས་པཱ་ཞི་ཡིས་གཅིག་མཚུངས་ཀྱི་བྱེད་ཐབས་སྤྱོད་པའི་དབང་ཆ་ལག་བསྟར་བྱེད་པར་ཆོག་མཆན་བཀོད་ཡོད་ལ། གལ་ཏེ་ཨ་མེ་རི་ཁས་བརྒྱ་ཆའི་ལྔ་བཅུའི་སྒོ་ཁྲལ་ཁ་སྣོན་བྱས་ན། ང་ཚོས་ཀྱང་བརྒྱ་ཆའི་ལྔ་བཅུའི་སྒོ་ཁྲལ་བསྡུས་ཆོག་ཟེར།

ཧྥ་ཝ་ལོ་ཡིས་བཤད་རྒྱུར། པཱ་ཞིའི་ཞིང་ལས་པུའུ་ཡིས་འབྲེལ་ཡོད་སྡེ་ཁག་གིས་འཛམ་གླིང་ཡོངས་ཀྱི་གསར་དར་དཔལ་འབྱོར་ཚོགས་པའི་བར་ཞིང་ལས་མཉམ་ལས་བྱས་ཏེ། ཉོ་ཚོང་གི་བཀག་རྒྱ་མྱུར་མོར་མེད་པར་གཏོང་དགོས་པའི་མཛུབ་སྟོན་བྱས་ཡོད་ཟེར།

པཱ་ཞིའི་སྐམས་ཤའི་ཕྱིར་གཏོང་ཚོང་དོན་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཕའེ་ལོ་སཱ་ཡིས་ཚེས11ཉིན་བསྟན་དོན། གལ་ཏེ་ཨ་མེ་རི་ཁའི་སྲིད་གཞུང་གིས་པཱ་ཞིའི་ཚོང་རྫས་ལ་བརྒྱ་ཆའི་ལྔ་བཅུའི་སྒོ་ཁྲལ་བསྡུས་ན། པཱ་ཞི་ཡིས་ཨ་མེ་རི་ཁར་སྐམས་ཤ་ཕྱིར་གཏོང་བྱེད་མི་སྲིད་ལ། ད་ཡོད་ཀྱི་གན་རྒྱ་སྐོར་ཞིག་ལ་ཡང་བསྐྱར་དཔྱད་འཇོག་བྱེད་ངེས་ཡིན་ཟེར།

ཐི་ལིང་ཕུའུ་ཡིས་ཉེ་སྔོན་ཟླ8པའི་ཚེས1ཉིན་ནས་བཟུང་པཱ་ཞི་ནས་ནང་འདྲེན་བྱེད་པའི་ཚོང་རྫས་ཚང་མར་བརྒྱ་ཆའི་ལྔ་བཅུའི་སྒོ་ཁྲལ་བསྡུ་རྒྱུའི་འཇིགས་སྐུལ་བྱས་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།