དབྱི་སི་རལ་གྱིས་སི་རི་ཡཱའི་ལྷོ་ཕྱོགས་ས་ཁུལ་དུ་བར་སྣང་འཇབ་རྒོལ་བྱས་པ་དང་སི་རི་ཡཱའི་ཕྱོགས་ཀྱིས་ནང་སྲིད་ལ་ཐེ་གཏོགས་བྱེད་མི་རུང་བའི་རེ་བ་བཏོན།
2025.07.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

སི་རི་ཡཱའི་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཚེས14ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་འཐབ་འཛིང་གནམ་གྲུས་ཉིན་དེར་སི་རི་ཡཱའི་ལྷོ་ཕྱོགས་ཀྱི་སུའུ་ཝེ་ཏཱ་ཞིང་ཆེན་གྱི་ས་ཁུལ་མང་བོར་བར་སྣང་འཇབ་རྒོལ་བྱས་པ་དང་། སི་རི་ཡཱའི་སྲིད་དབང་གི་ཕྱི་འབྲེལ་སྡེ་ཁག་གི་འགན་ཁུར་བ་ཞེ་པཱ་ནེ་ཡིས་རྒྱལ་ཁབ་གཞན་པས་སི་རི་ཡཱའི་ནང་སྲིད་ལ་ཐེ་གཏོགས་བྱེད་མི་རུང་བའི་རེ་བ་བཏོན།

སི་རི་ཡཱའི་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་སུའུ་ཝེ་ཏཱ་ཞིང་ཆེན་གྱི་མེད་ཙི་ལཱ་ཨ་གྲོང་རྡལ་དང་ཁཱ་ནཱ་ཁི་ཨར་གྲོང་རྡལ་གྱི་ཉེ་འཁོར་ས་ཁུལ་དུ་བར་སྣང་འཇབ་རྒོལ་ཐེངས་འགའ་བྱས་ཟེར། དེ་ལས་གཞན་སི་རི་ཡཱའི་རྒྱལ་ཁབ་བརྙན་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། སི་རི་ཡཱའི་སྲིད་དབང་གི་བདེ་འཇགས་དམག་དཔུང་གི་ཐན་ཁི་ལ་དབྱི་སི་རལ་གྱི་བར་སྣང་འཇབ་རྒོལ་ཐེབས་པ་ཁས་ལེན་མ་བྱས་པ་དང་། དབྱི་སི་རལ་ཕྱོགས་ཀྱིས་ཐན་ཁི་འཁོར་ལོའི་ཉེ་སར་ཉེན་བརྡའི་རང་བཞིན་གྱི་ཆམ་ཕབ་བཏང་བ་རེད་ཟེར།

སི་རི་ཡཱའི་སྲིད་དབང་གི་ཕྱི་འབྲེལ་སྡེ་ཁག་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། སུའུ་ཝེ་ཏཱ་ཞིང་ཆེན་གྱི་གནས་བབ་ཛ་དྲག་ཏུ་གྱུར་བར་འཕང་སེམས་སྐྱེས་བཞིན་ཡོད་པ་དང་། འཁྲུག་རྩོད་བྱུང་སའི་ས་གནས་དྲག་ཆས་ཚོགས་ཁག་གིས་མྱུར་དུ་དྲག་ཤུགས་མཚམས་བཞག་ནས་ཁྲིམས་འགལ་མཚོན་ཆ་སྤྲོད་དགོས་པའི་འབོད་སྐུལ་བཏང་། གསལ་སྒྲོག་ལས་ད་རུང་རྒྱལ་ཁབ་གཞན་པས་སི་རི་ཡཱའི་བདག་དབང་ལ་བརྩི་འཇོག་བྱེད་པ་དང་ཁ་བྲལ་གྱི་བྱ་འགུལ་གང་རུང་ལ་རྒྱབ་སྐྱོར་བྱེད་མི་རུང་བའི་འབོད་སྐུལ་བཏང་།

ཞེ་པཱ་ནེ་ཡིས་ཉིན་དེར་པུ་ལི་ཧྲིའི་རྒྱལ་ས་པུའུ་ལུའུ་སེར་དུ་འཚམས་འདྲི་བྱེད་སྐབས་སོ་ཏི་ཨ་རབ་གསར་འགྱུར་བརྙན་འཕྲིན་ཁང་གི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། སི་རི་ཡཱའི་ཏི་ལུའུ་ཙིའི་མི་ལ་སྲུང་སྐྱོབ་བྱེད་པའི་སི་རི་ཡཱའི་སྲིད་དབང་གི་འགན་འཁྲི་དང་འོས་འགན་ཡིན་པས། རྒྱལ་ཁབ་གང་རུང་གིས་སི་རི་ཡཱའི་ནང་སྲིད་ལ་ཐེ་གཏོགས་བྱེད་མི་རུང་ཟེར།

སི་རི་ཡཱའི་རྒྱལ་སྲུང་བློན་ཆེན་ཁཱ་ཚི་ཡིས་ཚེས14ཉིན་བཤད་རྒྱུར། དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཉིན་དེར་སི་རི་ཡཱའི་སྲིད་དབང་གི་ཐན་ཁི་འཁོར་ལོའི་རུ་ཁག་ལ་འགས་གཏོར་བཏང་བ་དང་། དེ་ནི་སི་རི་ཡཱའི་དབང་ལ་བཏང་བའི་མངོན་གསལ་གྱི་ཉེན་བརྡ་ཡིན་ཟེར། ཁོས་ད་རུང་བཤད་རྒྱུར། དབྱི་སི་རལ་གྱིས་སི་རི་ཡཱའི་ཏི་ལུའུ་ཙིའི་མི་ལ་གནོད་པ་ཐེབས་སུ་འཇུག་མི་སྲིད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།