སི་རི་ཡཱའི་ལྷོ་ཕྱོགས་ས་ཁུལ་དུ་དྲག་ཆས་འཁྲུག་རྩོད་བྱུང་སྟེ་བདེ་འཇགས་དམག་དཔུང་གི་དམག་མི18རྐྱེན་ལམ་དུ་ཤོར།
2025.07.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

སི་རི་ཡཱའི་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཚེས14ཉིན་བསྒྲགས་པ་ལྟར་ན། ཉུང་མཐར་ཡང་སི་རི་ཡཱའི་བདེ་འཇགས་དམག་དཔུང་གི་དམག་མི18ཉིན་དེར་ལྷོ་ངོས་ཀྱི་སུའུ་ཝེ་ཏཱ་ཞིང་ཆེན་གྱི་དྲག་ཆས་འཁྲུག་རྩོད་ཁྲོད་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་འགར་རྨས་ཕོག་ཡོད་ཟེར།

བསྒྲགས་པ་ལྟར་ན། རྒྱལ་སྲུང་དང་ནང་སྲིད་སྡེ་ཁག་གི་མཐུན་སྦྱོར་འོག སི་རི་ཡཱའི་སྲིད་དབང་གིས་ཉིན་དེར་འཁྲུག་རྩོད་ཀྱི་ཤུགས་རྐྱེན་ཐེབས་པའི་ས་ཁུལ་དུ་བདེ་འཇགས་དམག་དཔུང་བཀོད་སྒྲིག་བྱས་ཏེ། འཁྲུག་རྩོད་ཞི་འཇགས་སུ་བཏང་ནས་གནས་བབ་ལ་ཚོད་འཛིན་བྱས། དེའི་སྐབས་སུ་བདེ་འཇགས་དམག་དཔུང་གིས་སུའུ་ཝེ་ཏཱ་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་སུའུ་ཝེ་ཏཱ་གྲོང་ཁྱེར་གྱི་གནས་འགར་ཁྲིམས་འགལ་དྲག་ཆས་ཚོགས་ཁག་གི་འཇབ་རྒོལ་ཐེབས་ནས་མི་སྣར་ཤི་རྨས་ཐེབས་པ་རེད་ཟེར།

སི་རི་ཡཱའི་ནང་སྲིད་སྡེ་ཁག་གིས་ཉིན་དེའི་སྔ་དྲོར་བཤད་རྒྱུར། སུའུ་ཝེ་ཏཱ་ཞིང་ཆེན་ནས་ཚེས13ཉིན་ནས་བཟུང་དྲག་ཆས་འཁྲུག་རྩོད་དྲག་པོ་བྱུང་བ་དང་། འཁྲུག་རྩོད་དེ་གཙོ་བོ་སུའུ་ཝེ་ཏཱ་གྲོང་ཁྱེར་གྱི་མཱ་ཀུའུ་སི་ས་ཁུལ་ནས་བྱུང་བ་ཡིན་ལ། འཁྲུག་རྩོད་ལས་མི30ལྷག་རྐྱེན་ལམ་དུ་ཤོར་བ་དང་མི100ཙམ་ལ་རྨས་ཕོག་ཟེར།

སུའུ་ཝེ་ཏཱ་ཞིང་ཆེན་གྱི་རྒྱལ་བཙུགས་སྨན་ཁང་གི་མགོ་བ་ནོའུ་ཧྥ་ཨར་གྱིས་ཚེས14ཉིན་གསར་འགོད་པར་བཤད་རྒྱུར། ཐེངས་འདིའི་འཁྲུག་རྩོད་ལས་མི65རྐྱེན་ལམ་དུ་ཤོར་བ་དང་། མི200ཙམ་ལ་རྨས་ཕོག་ཟེར། རྨས་མ་སྐོར་ཞིག་གི་རྨས་སྐྱོན་ཚབས་ཆེན་ཡིན་པས་རྐྱེན་ལམ་དུ་ཤོར་བའི་མི་གྲངས་སྔར་ལས་ཇེ་མང་དུ་འགྲོ་སྲིད་ཟེར།

སྤྱི་ཁྱབ་པུའུ་དབྱིན་ཇིའི་ལོན་ཏོན་དུ་ཡོད་པའི་སི་རི་ཡཱའི་འགྲོ་མིའི་ཐོབ་ཐང་ལྟ་ཞིབ་རྩ་འཛུགས་ཀྱིས་བཤད་རྒྱུར། འཁྲུག་རྩོད་དེ་ཏི་ལུའུ་ཙི་སྡེ་ཁག་དང་པེ་ཏུའུ་ཡུན་ཚོ་བའི་བར་བྱུང་བ་དང་། ཤི་རྨས་ཐེབས་མཁན་གྱི་གྲས་སུ་བྱིས་པའང་ཡོདཟེར། སུའུ་ཝེ་ཏཱ་ཞིང་ཆེན་དབུས་ཕྱོགས་སོགས་སུ་སྔར་བཞིན་འཁྲུག་རྩོད་དྲག་པོ་བྱེད་བཞིན་ཡོད་པ་དང་། ཏི་ལུའུ་ཙི་དྲག་ཆས་མི་སྣས་གནས་དེ་ནས་འགོག་སྲུང་འཛིང་རགས་ལས་ཡོད། དེའི་ཞོར་དུ་སི་རི་ཡཱའི་རྒྱལ་སྲུང་སྡེ་ཁག་གིས་དབུས་ཕྱོགས་ཀྱི་ཧའོ་མུའུ་སི་ཞིང་ཆེན་དང་རྒྱལ་ས་ཏཱ་མཱ་ཧྲི་ཀི་ནས་སུའུ་ཝེ་ཏཱ་ཞིང་ཆེན་དུ་བདེ་འཇགས་དམག་དཔུང་ཁ་སྣོན་བྱས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།