སོ་མཱ་ལིའི་རྒྱལ་ཁབ་གསང་འཕྲིན་དང་བདེ་འཇགས་ཅུའུ་ཡིས་ཚེས14ཉིན་སྤེལ་བའི་གནས་ཚུལ་ལྟར་ན། སོ་མཱ་ལིའི་བདེ་འཇགས་དམག་དཔུང་དང་རྒྱལ་སྤྱིའི་མཉམ་ལས་གྲོགས་པོས་རོགས་ལས་བྱས་ཏེ། ཚེས13ཉིན་གྱི་དགོང་མོར་དབུས་ཕྱོགས་ཀྱི་ཞེ་ལན་མངའ་སྡེ་རུ་དམག་དོན་འགུལ་སྐྱོད་ཐེངས་ཤིག་ལག་བསྟར་བྱས་ཏེ། ཉུང་མཐར་ཡང་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་མི་སྣ15རྐྱེན་ལམ་དུ་ཤོར་བ་དང་། མི་ལྔར་རྨས་ལྗིད་མོ་ཕོག་ཡོད་ཟེར།
བསྒྲགས་པ་ལྟར་ན། ཐེངས་འདིའི་འགུལ་སྐྱོད་དེ་དགོང་མོར་དུས་རིམ་ཁག་གསུམ་དུ་བགོས་ནས་ཞི་ལན་མངའ་སྡེ་ཡི་མཱ་པཱ་ཁི་སི་ས་ཁུལ་ཉེ་འདབས་སུ་སྤེལ་བ་དང་། དམིགས་འབེན་ནི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་མི་སྣ་སྐོར་ཞིག་ཚར་གཅོད་བྱེད་ཆེད་རེད།
ཐལ་སྤྱོད་དྲག་ཆས་པ་དག་ཉེ་འདབས་ཀྱི་ཞེ་པེ་ལེ་དབུས་མའི་མངའ་སྡེ་ནས་ཡོང་བ་དང་། ཞི་ལན་མངའ་སྡེ་ལ་རོགས་རམ་བྱས་ནས་སྐོར་བཅོམ་ཐེབས་པའི་དྲག་ཆས་པར་དཔུང་རོགས་བྱེད་རྩིས་ཡིན་ལ། བདེ་འཇགས་དམག་དཔུང་གིས་མུ་མཐུད་དུ་བྲོས་བྱོལ་བྱེད་པའི་དྲག་ཆས་མི་སྣ་རྗེས་འདེད་སྐོར་བཅོམ་བྱེད་བཞིན་ཡོད་ཟེར།
གཞན་ཡང་སོ་མཱ་ལིའི་དམིགས་བསལ་དམག་དཔུང་གིས་བསྒྲགས་པ་ལྟར་ན། དམག་དཔུང་དེས་ཉེ་སྔོན་ཞེ་པེ་ལེ་ཞོལ་མ་མངའ་སྡེའི་ཐའོ་ལཱ་ཐའོ་ལོ་ས་ཁུལ་དུ་ཐོལ་རྒོལ་འགུལ་སྐྱོད་སྤེལ་ཏེ། ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་བཙན་ལེན་དྲ་རྒྱའི་ལས་གཉེར་གྱི་འགན་ཁུར་བའི་མཐོ་རིམ་མགོ་བ་ཞིག་བསད། མི་དེས་ས་གནས་མང་ཚོགས་དང་ཚོང་བ། སྟོབས་ཤུགས་ཞན་པའི་སྡེ་བའི་ཚོ་ཁག་ལ་དམིགས་པའི་བཙན་ལེན་མ་ལག་ཆེན་མོ་དོ་དམ་བྱེད་བཞིན་ཡོད་ཅིང་། འཇིགས་སྐུལ་གྱི་ཐབས་ལ་བརྟེན་ནས་མི་སེར་དཀྱུས་མའི་རྒྱུ་ནོར་འཕྲོག་ལེན་བྱེད་བཞིན་ཡོད་པ་རེད།
དམག་ཕྱོགས་ཀྱི་མགྲིན་ཚབ་པས་བཤད་རྒྱུར། མི་དེ་མེད་པར་བཏང་ན་ན་གཞོན་ཏང་གི་ས་ཁུལ་དེའི་གསང་བའི་དངུལ་ལོར་དྲ་རྒྱའི་གྲུབ་ཚུལ་ལ་ཆམ་ཕབ་ཆེན་པོ་ཐེབས་སྲིད་པར་མ་ཟད། ཐོལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་མི་སྣས་ས་དེའི་གང་འདོད་འདོད་བྱེད་པའི་སྐལ་བ་མེད་པའི་བརྡ་གསལ་བོར་བཏང་ཡོད་ཟེར། སོ་མཱ་ལིའི་སྲིད་གཞུང་གིས་མུ་མཐུད་དུ་རིན་ཐང་མཐོ་བའི་དམིགས་འབེན་ལ་ཐོལ་རྒོལ་བྱེད་རྒྱུ་མ་ཟད། སྡེ་ཁུལ་བར་མཉམ་འབྲེལ་འགུལ་སྐྱོད་སྤེལ་ནས་དུས་ཡུན་རིང་བོར་ཟང་ཟིང་དུ་གནས་པའི་ས་ཁུལ་གྱི་ཁྲིམས་སྐྱོང་དང་སྒྲིག་ལམ་སླར་གསོ་བྱེད་རྒྱུ་ཁས་ལེན་བྱས།
ན་གཞོན་ཏང་གིས་ཚེས13ཉིན་ཞི་ལན་མངའ་སྡེ་ཡི་འགྲིམ་འགྲུལ་གྱི་གནས་གལ་ཆེན་ཐཱ་ཨར་ཏའོ་གྲོང་རྡལ་བཙན་བཟུང་བྱས་པ་ཁྱབ་བསྒྲགས་བྱས་པ་དང་། བདེ་འཇགས་དམག་དཔུང་དང་སོ་མཱ་ལིའི་སྲིད་གཞུང་ལ་རྒྱབ་སྐྱོར་བྱེད་པའི་ས་གནས་དམངས་དམག་དྲག་ཆས་པས་ཕྱིར་རྒོལ་ལན་སྤྲོད་པར་རྩ་འཛུགས་བྱེད་བཞིན་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།