ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཉོ་ཚོང་དང་དཔལ་འབྱོར་བདེ་འཇགས་སོགས་ལས་དོན་གྱི་འགན་ཁུར་བའི་ཨུ་ཡོན་ཞེ་ཧྥུའུ་ཆའོ་ཝེ་ཆི་ཡིས་ཚེས14ཉིན་བསྟན་དོན། གལ་ཏེ་ཨ་མེ་རི་ཁ་དང་ཡོ་རོབ་གླིང་གི་ཉོ་ཚོང་གྲོས་མོལ་ལ་ཕམ་ཁ་བྱུང་ན། ཡོ་རོབ་གླིང་མནའ་འབྲེལ་གྱིས་རིན་ཐང་ཡོ་སྒོར་ཐེར་ཆེན་བདུན་དང་ཐེར་འབུམ་གཉིས་ཡིན་པའི་ཨ་མེ་རི་ཁའི་ནང་འདྲེན་ཚོང་རྫས་ལ་སྒོ་ཁྲལ་བསྡུས་ནས་ངོ་རྒོལ་བྱེད་རྩིས་ཡོད་ཟེར།
ཡོ་རོབ་གླིང་མནའ་འབྲེལ་དང་ཨ་མེ་རི་ཁས་ཉོ་ཚོང་གྲོས་མཐུན་འགོད་པར་འབད་བརྩོན་བྱེད་པའི་སྐབས་སུ། ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་ཚེས12ཉིན་ཁྱབ་བསྒྲགས་བྱས་དོན། ཟླ8པའི་ཚེས1ཉིན་ནས་བཟུང་ཡོ་རོབ་གླིང་མནའ་འབྲེལ་གྱིས་ནང་འདྲེན་བྱེད་པའི་ཚོང་རྫས་ལ་བརྒྱ་ཆའི་སུམ་ཅུའི་སྒོ་ཁྲལ་བསྡུ་རྒྱུ་ཡིན་ཟེར། ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་པུའུ་ཀྲང་གིས་ཚེས14ཉིན་པུའུ་ལུའུ་སེར་ནས་གྲོས་ཚོགས་བསྡུས་ཏེ། ཐི་ལིང་ཕུའུ་ཡི་བྱ་སྤྱོད་དེར་ཇི་ལྟར་རྒོལ་ལན་སྤྲོད་པར་གྲོས་བསྡུར་བྱས་པར་མ་ཟད་ངོ་རྒོལ་བྱེད་ཐབས་སྤྱོད་པར་གྲ་སྒྲིག་བྱས།
གྲོས་ཚོགས་ལ་མགོ་འཛིན་བྱེད་པའི་ཡོ་རོབ་གླིང་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཏན་མག་གི་ཕྱི་འབྲེལ་བློན་ཆེན་ལཱ་སི་མུའུ་སིན་གྱིས་གྲོས་ཚོགས་གྲོལ་རྗེས་ཀྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་སྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་བལྟས་ན་ཨ་མེ་རི་ཁའི་སྒོ་ཁྲལ་ཐད་ཀྱི་འཇིགས་ཉེན་དེ་དང་ལེན་བྱེད་ཐབས་མེད་པར་འདོད་ཡོད་ཟེར། ཁོས་ནན་གྱིས་བསྟན་དོན། ང་ཚོས་འདྲ་མཉམ་གྱི་གྲོས་མཐུན་ཅིག་འགོད་པར་རེ་བཞིན་ཡོད་ལ། གལ་ཏེ་ང་ཚོར་འདྲ་མཉམ་མིན་པའི་སྒོ་ཁྲལ་བསྡུས་ན། ང་ཚོས་དེར་རྒོལ་ལན་སྤྲོད་དགོས་ཟེར།
ཡོ་རོབ་གླིང་མནའ་འབྲེལ་གྱི་ཉོ་ཚོང་གྲོས་མོལ་ཚོགས་པའི་འགན་འཁུར་བ་ཡིན་པའི་ཆ་ནས། ཞེ་ཧྥུའུ་ཆའོ་ཝེ་ཆི་ཡིས་ཨ་མེ་རི་ཁས་ཡོ་རོབ་གླིང་མནའ་འབྲེལ་གྱི་ཚོང་རྫས་ལ་བརྒྱ་ཆའི་སུམ་ཅུའི་སྒོ་ཁྲལ་བསྡུ་རྒྱུ་ཁྱབ་བསྒྲགས་བྱས་པ་དེས་ནུབ་ཀྱི་རྒྱ་མཚོ་ཆེན་མོ་བརྒལ་བའི་ཉོ་ཚོང་དང་མཁོ་འདོན་མུ་འབྲེལ་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་སྲིད་པ་དང་། སྔོན་ཆད་ལྟར་ནུབ་ཀྱི་རྒྱ་མཚོ་ཆེན་མོ་བརྒལ་བའི་འབྲེལ་བའི་ཁྲོད་མུ་མཐུད་དུ་ཉོ་ཚོང་བྱེད་པ་ཕལ་ཆེར་མི་སྲིད་པའི་ཉེན་བརྡ་བཏང་།
དེ་ལས་གཞན་ཞེ་ཧྥུའུ་ཆའོ་ཝེ་ཆི་ཡིས་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨ་མེ་རི་ཁའི་བར་གྱི་སྒོ་ཁྲལ་རྩོད་གླེང་ཐག་གཅོད་བྱེད་པའི་ཐབས་ཇུས་ཤིག་ནི་བློ་སེམས་མཐུན་པའི་གྲོགས་པོའི་བར་མཉམ་ལས་བྱས་ཏེ། རང་གི་ཉོ་ཚོང་འབྲེལ་བ་སྣ་མང་ཅན་དུ་བསྒྱུར་རྒྱུ་དེ་ཡིན་ལ། ལཱ་སི་མུའུ་སིན་གྱིས་ཀྱང་བསྟན་དོན། མེ་གླིང་ལྷོ་མའི་རྒྱལ་ཁབ་བར་ཉོ་ཚོང་གྲོས་མཐུན་འགོད་པ་དང་། ཧིན་རྡུ་ཉི་ཞི་ཡཱའི་བར་གྱི་གྲོས་མོལ་ནི་ཡོ་རོབ་གླིང་མནའ་འབྲེལ་གྱི་དེའི་ཐད་ཀྱི་ལེགས་འགྲུབ་བྱུང་བའི་དཔེ་གཞི་ཞིག་ཡིན་ཟེར།
ཨ་མེ་རི་ཁ་ཕྱོགས་ཀྱི་ཆོད་དོན་དེར་ཡིད་ཆད་ཡོད་ཀྱང་། ཡོ་རོབ་གླིང་མནའ་འབྲེལ་གྱིས་སྔར་བཞིན་གྲོས་མོལ་ལ་བརྟེན་ནས་གནད་དོན་ཐག་གཅོད་བྱེད་པར་འབད་འབུངས་བྱེད་བཞིན་ཡོད། ཞེ་ཧྥུའུ་ཆའོ་ཝེ་ཆི་ཡིས་ཚེས14ཉིན་གྱི་དགོང་མོར་མུ་མཐུད་དུ་ཨ་མེ་རི་ཁའི་བར་སྐོར་ཐེངས་གསར་བའི་གྲོས་མོལ་བྱེད་རྒྱུ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།