འཇར་མན་གྱི་ཙུང་ལི་མའོ་ཚི་ཡིས་ཚེས14ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་བྱང་ཆིངས་རྩ་འཛུགས་བརྒྱུད་དེ་ཝུའུ་ཁི་ལན་ལ་གཞི་རྒྱ་ཆེ་བའི་དམག་དོན་རོགས་སྐྱོར་བྱེད་རྒྱུ་ཁྱབ་བསྒྲགས་བྱས་པར་དགའ་བསུ་ཞུས་པ་དང་། ཁོ་དང་ཐི་ལིང་ཕུའུ་གཉིས་ཀྱིས་འདས་པའི་ཉིན་འགའི་རིང་ལ་འབྲེལ་འདྲིས་ཐེངས་མང་བྱས་མྱོང་བ་དང་། འཇར་མན་གྱིས་འཕེལ་རིམ་དེའི་ཁྲོད་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་རྒྱུ་ཁས་ལེན་བྱས་ཡོད་ཟེར།
མའོ་ཚི་ཡིས་བཤད་རྒྱུར། འཇར་མན་གྱིས་དེ་ལྟར་བྱེད་དོན་ནི་རང་སྟེང་གི་བདེ་འཇགས་ཀྱི་ཆེད་དུ་ཡིན་ལ། ཝུའུ་ཁི་ལན་ལ་རོགས་རམ་བྱས་ནས་ཨུ་རུ་སིའི་བར་སྣང་འཇབ་རྒོལ་ལ་འགོག་རྒོལ་བྱེད་པ་དང་། ཨུ་རུ་སིའི་གནོན་ཤུགས་ཇེ་ཆེར་བཏང་སྟེ་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་ཞི་བདེའི་གྲོས་མོལ་ལ་སྐུལ་འདེད་གཏོང་བའི་གནད་འགག་ཡིན་ཟེར།
ཟུར་ལྔའི་ཐོག་ཁང་ཆེན་མོར་འཚམས་འདྲིར་བྱེད་པའི་འཇར་མན་གྱི་རྒྱལ་སྲུང་བློན་ཆེན་ཕིས་སི་ཐའོ་ལི་ཝུའུ་སི་ཡིས་ཚེས14ཉིན་ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཧི་ཀི་སེ་སི་དང་མཉམ་དུ་ཝུའུ་ཁི་ལན་ལ་དམག་དོན་རོགས་སྐྱོར་འདོན་སྤྲོད་བྱེད་པར་གྲོས་མོལ་བྱས་པ་དང་། དེའི་ནང་འཇར་མན་གྱིས་ཨ་མེ་རི་ཁ་ནས་རྒྱལ་གཅེས་མཁན་ཅེས་པའི་མཁའ་སྲུང་མ་ལག་ཉོས་ནས་ཝུའུ་ཁི་ལན་ལ་རོགས་སྐྱོར་བྱེད་པ་སོགས་འདུས་ཡོད་ཟེར། ཕི་སི་ཐའོ་ལི་ཝུའུ་སི་ཡིས་ཨ་མེ་རི་ཁར་འཚམས་འདྲི་མ་བྱས་གོང་བསྐྱར་སྒྲོག་བྱས་དོན། འཇར་མན་གྱིས་མུ་མཐུད་དུ་བྱང་ཆིངས་རྩ་འཛུགས་ཁྲོད་སྟོབས་དང་ལྡན་ཞིང་བློ་གཏད་རུང་བའི་ནུས་པ་འདོན་སྤེལ་བྱེད་རྒྱུ་མ་ཟད། སྔར་ལས་ལྷག་པའི་ཡོ་རོབ་གླིང་གི་བདེ་འཇགས་མ་ལག་འཛུགས་སྐྲུན་བྱེད་པར་འབད་འབུངས་བྱེད་རྒྱུ་ཡིན་ཟེར།
ཐི་ལིང་ཕུའུ་ཡིས་ཉིན་དེའི་སྔ་དྲོར་ཕོ་བྲང་དཀར་པོ་ནས་བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ལོའུ་ཐི་དང་གྲོས་མོལ་བྱེད་སྐབས་བསྟན་དོན། གལ་ཏེ་ཨུ་རུ་སི་ཡིས་ཉིན50ནང་ཝུའུ་ཁི་ལན་བར་ཞི་བདེའི་གྲོས་མཐུན་མ་བཀོད་ན། ཨ་མེ་རི་ཁས་ཨུ་རུ་སིའི་སྒོ་ཁྲལ་ཇེ་མཐོར་གཏོང་རྒྱུ་ཡིན་པ་དང་། ཨ་མེ་རི་ཁས་བྱང་ཆིངས་རྩ་འཛུགས་བརྒྱུད་དེ་ཝུའུ་ཁི་ལན་ལ་དམག་དོན་རོགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་ཡིན་པ་དང་། རིན་ཐང་མེ་སྒོར་དུང་ཕྱུར་བཅུ་ཕྲག་འགའ་ཡིན་པའི་འཆར་གཞི་དེ་ལག་བསྟར་བྱེད་ན་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་ཨ་མེ་རི་ཁ་ནས་ཉོ་བསྡུ་བྱེད་དགོས་ཟེར།
འཇར་མན་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན། མའོ་ཚི་ཡིས་དེའི་སྔོན་ཁྱབ་བསྒྲགས་བྱས་དོན། འཇར་མན་གྱིས་ཝུའུ་ཁི་ལན་ལ་རོགས་སྐྱོར་བྱེད་པའི་མ་རྩ་སྐོར་ཞིག་ཁག་ཁུར་དུ་ལེན་འདོད་ཡོད་པ་དང་། ཨ་མེ་རི་ཁ་ནས་རྒྱལ་གཅེས་མཁན་ཅེས་པའི་མ་ལག་ཆ་ཚང་གཉིས་ཉོ་བསྡུ་བྱེད་པའི་འཆར་གཞི་ཡོད་ལ། རྒྱལ་གཅེས་མཁན་གཞན་པ་ཞིག་ལ་ནོར་ཝེ་ཡིས་མ་དངུལ་གཏོང་རྒྱུ་རེད་ཟེར། ཝུའུ་ཁི་ལན་ཕྱོགས་ཀྱིས་སྔོན་ཆད་བསྟན་དོན། ཕྱོགས་ཡོངས་ནས་མཁའ་སྲུང་ནུས་པ་ཇེ་དྲག་ཏུ་གཏོང་བར་ཉུང་མཐར་ཡང་རྒྱལ་གཅེས་མཁན་གྱི་མ་ལག་ཆ་ཚང་བཅུ་དགོས་ཟེར།
ད་ལྟའི་དུས་རིམ་དུ། འཇར་མན་གྱིས་ཨ་མེ་རི་ཁ་དང་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་གཞན་པ་དང་མཉམ་དུ་ཝུའུ་ཁི་ལན་ལ་རོགས་སྐྱོར་བྱེད་པའི་བྱེ་བྲག་གི་གནད་དོན་ལ་གྲོས་བསྡུར་བྱེད་བཞིན་ཡོད། ལོའུ་ཐི་ཡིས་བསྟན་དོན། འཇར་མན་ལས་གཞན་ཧྥུན་ལན་དང་ཁཱ་ནཱ་ཏཱ། ནོར་ཝེ། སུའེ་ཙེར། དབྱིན་ཇི། ཏན་མག་བཅས་ཀྱང་སྐོར་ཐེངས་གསར་བའི་ཝུའུ་ཁི་ལན་ལ་རོགས་སྐྱོར་བྱེད་པའི་མཚོན་ཆའི་ཉོ་བསྡུའི་ཐད་མ་དངུལ་གཏོང་བའི་རྒྱལ་ཁབ་ཀྱི་གྲས་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།