ཝུའུ་ཁི་ལན་གྱི་སྲིད་འཛིན་ཙེ་ལིན་སི་ཅི་ཡིས་ཚེས14ཉིན་གྱི་ནམ་གུང་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ཁོས་ཉིན་དེར་སོ་སོར་ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་དང་བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ལོའུ་ཐི་གཉིས་དང་མཉམ་དུ་ཁ་པར་གྲོས་མོལ་བྱས་པར་མ་ཟད། ཨ་མེ་རི་ཁ་དང་བྱང་ཆིངས་རྩ་འཛུགས་ཀྱི་མནའ་མཐུན་དག་གིས་ཝུའུ་ཁི་ལན་དམག་དོན་རོགས་སྐྱོར་འདོན་སྤྲོད་བྱས་པར་བཀའ་དྲིན་ཞུས་ཟེར།
ཙེ་ལིན་སི་ཅི་ཡིས་བཤད་རྒྱུར། ཐི་ལིང་ཕུའུ་ཡིས་ཉིན་དེའི་སྔ་དྲོར་ལོའུ་ཐི་དང་གྲོས་མོལ་བྱས་པའི་གནས་ཚུལ་མཚམས་སྦྱོར་བྱས་པ་དང་། ཁོས་ཐི་ལིང་ཕུའུ་ཡིས་ཝུའུ་ཁི་ལན་ལ་རྒྱབ་སྐྱོར་བྱེད་པ་དང་། མུ་མཐུད་དུ་འཁྲུག་རྩོད་མཚམས་འཇོག་པ་དང་ཡུན་རིང་དྲང་བདེན་གྱི་ཞི་བདེ་འབྱུང་ཆེད་འཁྲུག་རྩོད་མཚམས་འཇོག་པའི་ཐད་འབད་འབུངས་བྱས་པར་བཀའ་དྲིན་ཞུས།
ཁོས་ཐི་ལིང་ཕུའུ་དང་མཉམ་དུ་ཝུའུ་ཁི་ལན་ལ་དགོས་ངེས་ཀྱི་ཡོ་བྱད་དང་ཐག་གཅོད་ཇུས་གཞི་འདོན་སྤྲོད་བྱས་ཏེ། ཝུའུ་ཁི་ལན་གྱི་མང་ཚོགས་ལ་སྲུང་སྐྱོབ་གང་ལེགས་བྱེད་པ་དང་ཝུའུ་ཁི་ལན་གྱི་གནས་བབ་ལེགས་བཅོས་བྱེད་པར་གྲོས་བསྡུར་བྱས་ཟེར།
ཙེ་ལིན་སི་ཅི་ཡིས་ཝུའུ་ཁི་ལན་དང་ཨ་མེ་རི་ཁའི་འབྲེལ་བ་ཇེ་བཟང་དུ་སོང་བ་དང་། བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་རྒྱལ་སྲུང་འགྲོ་སོང་ཇེ་དྲག་ཏུ་བཏང་བར་དགའ་བསུ་ཞུས། ཁོས་བསྟན་དོན། ཐི་ལིང་ཕུའུ་དང་མཉམ་དུ་གྲོས་མོལ་མང་དུ་བྱས་ཏེ་རྗེས་མཐུད་ཀྱི་ལས་རིམ་ཐད་ནས་མཐུན་སྦྱོར་བྱེད་རྒྱུ་ཡིན་ཟེར།
ཙེ་ལིན་སི་ཅི་ཡིས་བཤད་རྒྱུར། ལོའུ་ཐི་ཡིས་ཡོ་རོབ་གླིང་དང་ཨ་མེ་རི་ཁས་མཉམ་ལས་སྤེལ་ནས་ཝུའུ་ཁི་ལན་རྒྱབ་སྐྱོར་བྱེད་པའི་ཤུགས་སྣོན་བྱས་པའི་བྱེ་བྲག་གི་ནང་དོན་མཚམས་སྦྱོར་བྱས། ཝུའུ་ཁི་ལན་ཕྱོགས་ཀྱིས་ཨ་མེ་རི་ཁ་དང་འཇར་མན། ནོར་ཝེ་བཅས་ཀྱིས་མཉམ་དུ་ཝུའུ་ཁི་ལན་ལ་རྒྱལ་གཅེས་མཁན་ཅེས་པའི་མཁའ་སྲུང་མ་ལག་སྔར་ལས་མང་བོ་འདོན་སྤྲོད་བྱེད་འདོད་ཡོད་པར་བཀའ་དྲིན་ཞུ་བཞིན་ཡོད་ཟེར། དེ་ལ་གཞན་ཨ་མེ་རི་ཁ་དང་ཡོ་རོབ་གླིང་གིས་མཚོན་ཆ་དང་སྒྲིག་ཆས་གཞན་པ་འདོན་སྤྲོད་བྱས་ནས་ཝུའུ་ཁི་ལན་གྱི་མང་ཚོགས་ཀྱི་ཚེ་སྲོག་ལ་སྲུང་སྐྱོབ་བྱས་ཏེ་ཨུ་རུ་སི་མཐར་སྐྲོད་གཏོང་བའི་འཆར་གཞི་ཡོད་ཟེར།
ཐི་ལིང་ཕུའུ་ཡིས་ཚེས14ཉིན་ཕོ་བྲང་དཀར་པོ་ནས་ལོའུ་ཐི་དང་གྲོས་མོལ་བྱེད་སྐབས་བཤད་རྒྱུར། གལ་ཏེ་ཨུ་རུ་སི་ཡིས་ཉིན་ལྔ་བཅུའི་ནང་ཝུའུ་ཁི་ལན་བར་ཞི་བདེའི་གྲོས་མཐུན་མ་བཀོད་ན། ཨ་མེ་རི་ས་ཨུ་རུ་སིར་སྒོ་ཁྲལ་ཁ་སྣོན་བྱེད་རྒྱུ་ཡིན་ཟེར། ཐི་ལིང་ཕུའུ་ཡིས་ད་རུང་བཤད་རྒྱུར། ཨ་མེ་རི་ཁས་བྱང་ཆིངས་རྩ་འཛུགས་བརྒྱུད་དེ་ཝུའུ་ཁི་ལན་ལ་དམག་དོན་རོགས་སྐྱོར་བྱེད་རྒྱུ་ཡིན་པ་དང་། ཚོད་དཔག་བྱས་ན་དེའི་ནང་རྒྱལ་གཅེས་མཁན་ཅེས་པའི་མཁའ་སྲུང་མ་ལག་སོགས་འདུས་པའི་སྒྲིག་ཆས་སོགས་ཉིན་འགའི་ནང་ཝུའུ་ཁི་ལན་དུ་སྐྱེལ་ཐུབ་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།