ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱིས་དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་ནས་མི་ཆོས་མཁར་འཛུགས་པར་རྒོལ་གཏམ་བཏང་།
2025.07.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱིས་ཚེས15ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་གྱི་ཅཱ་ཧྲ་ས་ཁུལ་དུ་མི་ཆོས་མཁར་འཛུགས་པའི་འཆར་གཞི་ལ་རྒོལ་གཏམ་བཏང་བར་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མི་ཆོས་མ་ཡིན་པའི་འཆར་གཞི་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་དགོས་པའི་འབོད་སྐུལ་བཏང་།

གསལ་སྒྲོག་ལས་བཤད་རྒྱུར། འཆར་གཞི་དེ་དཔལ་ཡོན་དང་མི་ཆོས་རིང་ལུགས་ཀྱི་རྩ་དོན་ལ་འབྲེལ་བ་སྤུ་ཙམ་ཡང་མེད་ལ། བཙན་བཟུང་མཁན་གྱི་ཀུན་སྤྱོད་ཉམས་ཞན་དུ་གྱུར་བ་མཚོན་ཡོད། དེ་ལས་ དབྱི་སི་རལ་གྱིས་མུ་མཐུད་དུ་ཅཱ་ཧྲ་ས་ཁུལ་དུ་རིགས་རྒྱུད་ཚར་གཅོད་བྱེད་པ་དང་ཡང་བསྐྱར་བཙན་བཟུང་བྱས་ཏེ། ཅཱ་ཧྲ་ས་ཁུལ་དུ་ཡིའུ་ཐེ་བའི་གཏན་སྡོད་ས་ཁུལ་བསྐྱར་འཛུགས་བྱེད་པར་རྨང་འདིང་བའི་འདོད་བློ་མངོན་པར་མཚོན་ཡོད་ཟེར།

གསལ་སྒྲོག་ལས་བསྐྱར་སྒྲོག་བྱས་དོན། མྱུར་དུ་ཅཱ་ཧྲ་ས་ཁུལ་དུ་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་འགོད་དགོས་ཟེར།

དབྱི་སི་རལ་གྱི་རྒྱལ་སྲུང་པུའུ་ཀྲང་ཁཱ་ཚི་ཡིས་ཚེས7ཉིན་ཅཱ་ཧྲ་ས་ཁུལ་གྱི་མི་རྣམས་གཅིག་བསྡུས་བཀོད་སྒྲིག་བྱེད་པའི་ཇུས་གཞི་གསར་བ་བཏོན་པ་དང་། ཅཱ་ཧྲའི་ལྷོ་ངོས་ཀྱི་ཨེ་ཅིབ་དང་འབྲེལ་བའི་ལཱ་ཧྥ་གྲོང་ཁྱེར་དུ་ཞིག་རོའི་སྟེང་དུ་མི་ཆོས་མཁར་འཛུགས་པའི་འཆར་གཞི་ཡོད་ལ། ཐོག་མར་དབྱི་སི་རལ་ཕྱོགས་ཀྱིས་ན་ནིང་ལཱ་ཧྥ་ཉེ་འདབས་ཀྱི་ཧན་ཡུག་ནེ་སི་གྲོང་ཁྱེར་གྱི་མཱ་ཝ་ཞི་ས་ཁུལ་དུ་བགོས་པའི་མི་ཆོས་ས་ཁུལ་གྱི་ཕཱ་ལེ་སི་ཐན་གྱི་མི་འབུམ་དྲུག་པོ་དེ་སྤོར་དགོས་པ་དང་། མཇུག་མཐར་ཅཱ་ཧྲ་ས་ཁུལ་གྱི་མི་ཚང་མ་ཤོང་བར་བྱེད་དགོས་ལ། ནང་དུ་སྤར་ཆོག་ཀྱང་ཕྱིར་སྤོར་མི་ཆོག་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།