དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲའི་ས་ཁུལ་མང་བོར་འཇབ་རྒོལ་བྱས་ཏེ་ཉུང་མཐར་ཡང་མི54རྐྱེན་ལམ་དུ་ཤོར།
2025.07.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཕཱ་ལེ་སི་ཐན་འཕྲིན་གཏོང་ཁང་གིས་ཚེས15ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅཱ་ཧྲའི་ས་ཁུལ་མང་བོར་དམག་དོན་འགུལ་སྐྱོད་སྤེལ་བ་ལས་ཉུང་མཐར་ཡང་ཕཱ་ལེ་སི་ཐན་གྱི་མི54རྐྱེན་ལམ་དུ་ཤོར་ཡོད་ཟེར།

བསྒྲགས་པ་ལྟར་ན། འདས་པོའི་གྲས་སུ་མི42ཅཱ་ཧྲའི་བྱང་ངོས་ཀྱི་ཅཱ་ཧྲ་མཁར་ནས་རྐྱེན་ལམ་དུ་ཤོར་བ་ཡིན་ལ། དེའི་ནང་དབྱི་སི་རལ་གྱི་དམག་དཔུང་གིས་ཧྲ་ཐིས་ཡུལ་གྱར་བའི་སྒར་སའི་མི་ཚོགས་ལ་བར་སྣང་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་མི11རྐྱེན་ལམ་དུ་ཤོར་བ་དང་། མི20ལ་རྨས་ཕོག དེ་ལས་གཞན་དབྱི་སི་རལ་གྱི་དམག་དཔུང་གིས་ད་རུང་ཅཱ་ཧྲའི་ལྷོ་ངོས་ཀྱི་ཧན་ཡུག་ནེ་སི་དང་ལཱ་ཧྥ་སོགས་ས་ཁུལ་དུ་བར་སྣང་འཇབ་རྒོལ་བྱས་ཏེ་མི་སྣར་ཤི་རྨས་བཟོས་ཡོད་ཟེར།

དབྱི་སི་རི་ཡཱའི་རྒྱལ་སྲུང་དམག་དཔུང་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ཧན་ཡུག་ནེ་སི་ས་ཁུལ་ནས་རིང་ཚད་ལ་སྤྱི་ལེ་གསུམ་དང་གྲངས་ཆུང་ལྔ་ཡོད་པའི་ས་འོག་ཕུག་ལམ་ཞིག་གཏོར་ཡོད་ཟེར། གསལ་སྒྲོག་ལས་ད་རུང་བསྟན་དོན། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲའི་བྱང་ངོས་ཀྱི་པེད་ཐི་ཧཱ་ནོང་ས་ཁུལ་དུ་འགུལ་སྐྱོད་སྤེལ་བཞིན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།