ཝུའུ་ཁི་ལན་གྱི་གྲོས་ཁང་གིས་གནས་སྐབས་སུ་ཨོ་ཐེ་ཧྭ་ས་འོག་འགད་རྫས་གཏན་འགོག་སྤྱི་ཆིངས་ལས་ཕྱིར་འབུད་པར་ཆོག་མཆན་བཀོད།
2025.07.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཝུའུ་ཁི་ལན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཚེས15ཉིན་བསྒྲགས་པ་ལྟར་ན། ཝུའུ་ཁི་ལན་གྱི་གྲོས་ཁང་གིས་ཉིན་དེར་འདེམ་ཤོག་འཕངས་ནས་ཝུའུ་ཁི་ལན་གནས་སྐབས་སུ་ཨོ་ཐེ་ཧྭ་ས་འོག་འགད་རྫས་གཏན་འགོག་སྤྱི་ཆིངས་ལས་ཕྱིར་འབུད་པར་ཆོག་མཆན་བཀོད་ཟེར།

ཝུའུ་ཁི་ལན་གྱི་གྲོས་ཁང་གི་འབྲེལ་ཡོད་འགྲེལ་བཤད་རང་བཞིན་གྱི་ཡིག་ཆ་ལྟར་ན། ཝུའུ་ཁི་ལན་ཕྱོགས་སྤྱི་ཆིངས་དེ་ལས་ཕྱིར་འབུད་པའི་རྒྱུ་རྐྱེན་གཙོ་བོ་ནི་ཝུའུ་ཁི་ལན་དང་ཨུ་རུ་སི་ཕྱོགས་གཉིས་ཀྱིས་ས་འོག་འགད་རྫས་གཏན་འགོག་ཐད་ཀྱི་གོ་གནས་འདྲ་མཉམ་མིན་པ་དང་། རྒྱུ་མཚན་ནི་ཨུ་རུ་སི་ནི་ཨོ་ཐེ་ཧྭ་ས་འོག་འགད་རྫས་གཏན་འགོག་སྤྱི་ཆིངས་བཀོད་པའི་རྒྱལ་ཁབ་མིན་པས་ཡིན་ལ། དེ་ལས་ཨུ་རུ་སིའི་ཕྱོགས་ལ་ཁྱད་སྟོབས་ལྡན་པར་བྱས་ཡོད་པར་མ་ཟད། ཝུའུ་ཁི་ལན་གྱིས་ཕན་ནུས་ལྡན་པའི་སྒོ་ནས་རང་སྲུང་བྱེད་པའི་ནུས་པར་ཚད་བཀག་ཐེབས་ཡོད། ཝུའུ་ཁི་ལན་དང་ཨུ་རུ་སིའི་འཁྲུག་རྩོད་མཚམས་འཇོག་རག་བར་དུ། ཝུའུ་ཁི་ལན་གནས་སྐབས་སུ་སྤྱི་ཆིངས་དེ་ལས་ཕྱིར་འབུད་རྒྱུ་ཡིན་ཟེར།

ཨོ་ཐེ་ཧྭ་ས་འོག་འགད་རྫས་གཏན་འགོག་སྤྱི་ཆིངས་དེ1999ལོར་དངོས་སུ་ནུས་ལྡན་དུ་གྱུར་བ་དང་། སྤྱི་ཆིངས་ལས་གསོད་རྨས་རང་བཞིན་གྱི་ས་འོག་འགད་རྫས་བེད་སྤྱོད་དང་གསོག་འཇོག ཐོན་སྐྱེད་སོགས་བྱེད་པར་གཏན་འགོག་བྱས་ཡོད། 2005ལོའི་ཟླ5བར། ཝུའུ་ཁི་ལན་གྱི་གྲོས་ཁང་གིས་ཝུའུ་ཁི་ལན་སྤྱི་ཆིངས་དེའི་ནང་ཞུགས་པར་ཆོག་མཆན་བཀོད་པ་རེད།

ཝུའུ་ཁི་ལན་གྱི་སྲིད་འཛིན་ཙེ་ལིན་སི་ཅི་ཡིས་ཟླ6པའི་ཚེས29ཉིན་བཀའ་རྒྱ་བཀོད་དེ། ཝུའུ་ཁི་ལན་རྒྱལ་ཁབ་བདེ་འཇགས་དང་རྒྱལ་སྲུང་ཨུ་ཡོན་ལྷན་ཁང་གི་ཝུའུ་ཁི་ལན་ཨོ་ཐེ་ཧྭ་ས་འོག་འགད་རྫས་གཏན་འགོག་སྤྱི་ཆིངས་ལས་ཕྱིར་འབུད་པའི་ཆོད་དོན་ལ་ཆོག་མཆན་བཀོད་པ་དང་། ཝུའུ་ཁི་ལན་གྱི་ནེ་ཀི་ཡིས་དེའི་རྗེས་སུ་སྤྱི་ཆིངས་ལས་ཕྱིར་འབུད་པའི་ལས་རིམ་ལག་བསྟར་བྱས་པ་རེད།

པའོ་ལོ་ཏི་རྒྱ་མཚོའི་ས་ཁུལ་གྱི་རྒྱལ་ཁབ་གསུམ་ཏེ་ལི་ཐའོ་ཝན་དང་ལཱ་ཐའོ་ཝེ་ཡཱ། ཨེ་སོ་ནི་ཡཱ་བཅས་ཀྱིས་ཟླ6པའི་ཚེས27ཉིན་སོ་སོར་མཉམ་འབྲེལ་རྒྱལ་ཚོགས་ལ་ཨོ་ཐེ་ཧྭ་ས་འོག་འགད་རྫས་གཏན་འགོག་སྤྱི་ཆིངས་ལས་ཕྱིར་འབུད་པའི་ཡིག་ཆ་སྤྲད། སྤྱི་ཆིངས་ཀྱི་གཏན་འཁེལ་ལྟར་ན། རྒྱལ་ཁབ་གསུམ་པོ་དེ་ཟླ་ངོ6གི་རྗེས་སུ་དངོས་སུ་ཕྱིར་བུད་ཆོག་པ་རེད། གཞན་ཡང་ཡོ་རོབ་གླིང་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཧྥུན་ལན་དང་ཕོ་ལན་རྒྱལ་ཁབ་གཉིས་ཀྱིས་ཀྱང་སྤྱི་ཆིངས་དེ་ལས་ཕྱིར་འབུད་པའི་ལས་རིམ་ལག་བསྟར་བྱེད་མགོ་བརྩམས་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།