ཁོང་གོ་པུའུ་ཡི་ཙུང་ལི་ཡིས་ཀྲུང་གོའི་བར་གྱི་འབྲེལ་བ་དེ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་མཉམ་ལས་བྱེད་པའི་དཔེ་སྟོན་དུ་འགྱུར་བར་སྐུལ་འདེད་གཏོང་འདོད་ཡོད་པའི་ཚུལ་བསྟན།
2025.07.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཁོང་གོ་པུའུ་ཡི་ཙུང་ལི་མཱ་ཁི་སོ་ཡིས་ཚེས15ཉིན་བཤད་རྒྱུར། ཁོང་གོ་པུའུ་ཡིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཁོང་གོ་པུའུ་དང་ཀྲུང་གོའི་འབྲེལ་བར་འཕེལ་རྒྱས་སྔར་ལས་ཆེན་པོ་འབྱུང་བར་སྐུལ་འདེད་བཏང་སྟེ། ཨ་ཧྥེ་རི་ཁ་གླིང་དང་ཀྲུང་གོའི་མཛའ་འབྲེལ་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཉམ་ལས་ཐད་མིག་དཔེ་འཛུགས་འདོད་ཡོད་ཟེར།

མཱ་ཁི་སོ་ཡིས་གསར་དུ་འགན་ཁུར་བའི་ཁོང་གོ་པུའུ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཨན་ཆིན་ལ་ཐུག་འཕྲད་བྱེད་སྐབས་གོང་གི་སྐད་ཆ་དེ་བཤད་པ་རེད།

མཱ་ཁི་སོ་ཡིས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ། ཁོང་གོ་པུའུ་དང་ཀྲུང་གོ་ཕྱོགས་གཉིས་ཀྱི་ཆབ་སྲིད་ཡིད་ཆེས་ཇེ་ཟབ་ཏུ་སོང་བ་དང་། དངོས་གཉེར་མཉམ་ལས་ཐད་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་ལ། ཁོང་གོ་པུའུ་ཕྱོགས་ཀྱིས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་མཉམ་ལས་གླེང་སྟེགས་ཀྱི་ཨ་ཧྥེ་རི་ཁ་གླིང་གི་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁྲི་ལག་བསྟར་བྱས་ཏེ། ཁྱབ་ཁོངས་སོ་སོའི་བརྗེ་རེས་དང་མཉམ་ལས་ཇེ་ཟབ་ཏུ་གཏོང་འདོད་ཡོད་ཟེར།

ཨན་ཆིན་གྱིས་བསྟན་དོན། ཀྲུང་གོ་དང་ཁོང་གོ་པུའུ་བར་ཡུན་རིང་གི་མཛའ་འབྲེལ་ལྡན་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་བརྩེ་བ་ཟབ་མོ་ཡོད། ད་ལོ་ནི་ཁོང་གོག་པུའུ་ཡིས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་མཉམ་ལས་གླེང་སྟེགས་ཀྱི་ཨ་ཧྥེ་རི་ཁ་གླིང་ཕྱོགས་ཀྱི་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་བའི་ཐོག་མའི་ལོ་ཡིན། ཀྲུང་གོའི་ཕྱོགས་ཀྱིས་དེ་གོ་སྐབས་སུ་བྱས་ཏེ། ཕྱོགས་གཉིས་ཀྱི་གླེང་སྟེགས་སྒྲོམ་གཞིའི་འོག་གི་དངོས་གཉེར་མཉམ་ལས་ཇེ་ཟབ་ཏུ་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ངོས་ཟིན་གལ་ཆེན་དང་གླེང་སྟེགས་ཀྱི་རྩེ་ཚོགས་གྲུབ་འབྲས་དངོས་འབེབས་གང་ལེགས་བྱས་ནས། ཀྲུང་གོ་དང་ཁོང་གོ་པུའུ་ཡི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་དེ་ཆུ་ཚད་གསར་བ་ཞིག་ཏུ་བསླེབས་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།