འཇར་མན་གྱི་ཙུང་ལི་ཡིས་ཨ་མེ་རི་ཁས་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨ་མེ་རི་ཁའི་སྒོ་ཁྲལ་ལ་རྒོལ་ལན་སྤྲོད་པའི་རེ་འདུན་ལ་སྣང་ཆུང་བྱེད་མི་རུང་བའི་ཚུལ་བསྟན།
2025.07.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

འཇར་མན་གྱི་ཙུང་ལི་མའོ་ཚི་ཡིས་ཚེས15ཉིན་བསྟན་དོན། སྒོ་ཁྲལ་གནད་དོན་ཐད་ནས་ཨ་མེ་རི་ཁའི་སྲིད་གཞུང་གིས་ཡོ་རོབ་གླིང་མནའ་འབྲེལ་གྱིས་རིགས་མཐུན་གྱི་བྱེད་ཐབས་སྤྱད་ནས་རྒོལ་ལན་སྤྲོད་པའི་རེ་འདུན་ལ་སྣང་ཆུང་བྱེད་མི་རུང་ཟེར།

མའོ་ཚི་ཡིས་ཉིན་དེར་འཇར་མན་ལྷོ་ཕྱོགས་ཀྱི་པཱ་ཧྥ་ལེ་ཡཱ་མངའ་སྡེ་ནས་མངའ་སྡེ་དེའི་མགོ་བ་སོ་ཏི་ཨར་དང་མཉམ་དུ་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཞིག་གི་སྟེང་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨ་མེ་རི་ཁར་རྒོལ་ལན་སྤྲོད་པའི་གྲ་སྒྲིག་བྱས་ཡོད་ཀྱང་། གྲོས་མོལ་ལ་བརྟེན་ནས་གནད་དོན་ཐག་གཅོད་བྱེད་པར་རེ་བཞིན་ཡོད་ཟེར། མའོ་ཚི་ཡིས་བཤད་རྒྱུར། ཁོས་ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་དང་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥུན་ཏི་ལའེ་ཨིན་བར་འབྲེལ་འདྲིས་ཟབ་མོ་སྲུང་འཛིན་བྱེད་བཞིན་ཡོད་པ་དང་། དམིགས་ཡུལ་ནི་ཐག་གཅོད་ཇུས་གཞི་མྱུར་དུ་བཀོད་ནས་ཨ་མེ་རི་ཁའི་བར་གྱི་ཉོ་ཚོང་ལ་སྐུལ་འདེད་གཏོང་བ་དང་ཅུང་དམའ་བའི་སྒོ་ཁྲལ་ཆུ་ཚད་སླར་གསོ་བྱེད་པའི་ཆེད་དུ་ཡིན་ཟེར།

མའོ་ཚི་ཡིས་བཤད་རྒྱུར། ད་ལྟ་ནས་ཟླ7པའི་ཟླ་མཇུག་བར། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨ་མེ་རི་ཁའི་བར་གྲོས་མོལ་བྱེད་པའི་དུས་ཚོད་ཡོད་ཀྱང་། དེ་ནི་ལས་སླ་མོ་ཞིག་མ་རེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།