མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སིའི་མགྲིན་ཚབ་པ་ཏིས་ཡཱ་ལི་ཁི་ཡིས་ཚེས15ཉིན་བཤད་རྒྱུར། སི་རི་ཡཱའི་ལྷོ་ཕྱོགས་ཀྱི་ཏི་ལུའུ་ཙིའི་མིས་མང་ཤོས་ཟིན་པའི་སུའུ་ཝེ་ཏཱ་ཞིང་ཆེན་ནས་བསྟུད་མར་དྲག་ཤུགས་དོན་རྐྱེན་བྱུང་བནས་མི་སེར་དཀྱུས་མ་དང་བཅས་པའི་མི་བཅུ་ཕྲག་འགའ་ལ་ཤི་རྨས་བཟོས་པ་དང་། ཀུའུ་ཐི་ལོས་སི་ཡིས་སི་རི་ཡཱའི་ལྷོ་ཕྱོགས་ས་ཁུལ་དུ་བསྟུད་མར་དྲག་ཤུགས་དོན་རྐྱེན་བྱུང་བར་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་ཟེར།
ཏིས་ཡཱ་ལི་ཁི་ཡིས་ཉིན་དེར་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། ཀུའུ་ཐི་ལོས་སི་ཡིས་མི་སེར་དཀྱུས་མ་གང་འདོད་དུ་དམར་གསོད་བྱེད་པ་དང་ཆོས་ལུགས་གྲུབ་མཐའི་འཁྲུག་རྩོད་ལ་ངན་སྐུལ་བྱེད་པ། མི་སྒེར་གྱི་རྒྱུ་ནོར་འཕྲོག་བཅོམ་བྱེད་པའི་གནས་ཚུལ་ལ་སེམས་ཁུར་བྱེད་བཞིན་ཡོད་ཟེར། ཁོས་མི་སེར་དཀྱུས་མར་དམིགས་པའི་དྲག་ཤུགས་བྱ་སྤྱོད་གང་རུང་དང་། ཁྱད་པར་དུ་ཆོས་ལུགས་གྲུབ་མཐའི་བར་གྱི་ཛ་དྲག་གི་གནས་བབ་ཇེ་སྡུག་ཏུ་གཏོང་བའི་བྱ་སྤྱོད་གང་རུང་ལ་རྒོལ་གཏམ་དྲག་པོ་བཏང་། ཀུའུ་ཐི་ལོས་སི་ཡིས་སི་རི་ཡཱའི་གནས་བབ་དབང་འཛིན་ལས་ཁུངས་ཀྱིས་མངོན་གསལ་གྱིས་རྟོག་ཞིབ་བྱས་ཏེ་ཁྲིམས་འགལ་མཁན་གྱི་འགན་འཁྲི་རྩད་གཅོད་བྱེད་དགོས་པའི་སྐུལ་མ་བཏང་ཟེར།
ཏིས་ཡཱ་ལི་ཁི་ཡིས་བཤད་རྒྱུར། ཀུའུ་ཐི་ལོས་སི་ཡིས་ད་རུང་དབྱི་སི་རལ་གྱིས་སི་རི་ཡཱའི་མངའ་ཁོངས་སུ་བར་སྣང་འཇབ་རྒོལ་བྱས་པར་སེམས་ཁུར་བྱེད་ཅིང་། དབྱི་སི་རལ་གྱིས་སི་རི་ཡཱའི་སྒེར་ཚུགས་དང་བདག་དབང་། མངའ་ཁོངས་ཆ་ཚང་ཡོང་བ་བཅས་ལ་གནོད་སྐྱེལ་མི་རུང་བའི་སྐུལ་མ་བཏང་བར་མ་ཟད། ངེས་པར་དུ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད2254གཞིར་བཟུང་སྟེ། སི་རི་ཡཱ་རུ་ཡིད་རྟོན་རུང་བ་དང་གོ་རིམ་ཡོད་པ། དཀྱེལ་ཡངས་བཅས་ཀྱི་ཆབ་སྲིད་བར་བརྒལ་མངོན་འགྱུར་བྱེད་པར་རྒྱབ་སྐྱོར་བྱེད་དགོས་པ་ནན་བཤད་བྱས།
སི་རི་ཡཱའི་ལྷོ་ཕྱོགས་ཀྱི་སུའུ་ཝེ་ཏཱ་ཞིང་ཆེན་དུ་ཚེས13ཉིན་ནས་བཟུང་དྲག་ཆས་འཁྲུག་རྩོད་དྲག་པོ་བྱུང་སྟེ་མི་སྣ་མང་བོར་ཤི་རྨས་བཟོས། སི་རི་ཡཱའི་ནང་སྲིད་སྡེ་ཁག་གིས་ཚེས15ཉིན་དབྱི་སི་རལ་གྱིས་སུའུ་ཝེ་ཏཱ་ཞིང་ཆེན་གྱི་ཁྲིམས་འགལ་དྲག་ཆས་ཚོགས་པར་རྒྱབ་སྐྱོར་བྱེད་ཆེད་མི་མེད་གནམ་གྲུ་དང་འཐབ་འཛིང་གནམ་གྲུ་མངགས་ནས་བར་སྣང་འཇབ་རྒོལ་བྱས་ཏེ། སི་རི་ཡཱའི་བདེ་འཇགས་མི་སྣ་དང་མི་སེར་དཀྱུས་མ་མང་བོར་ཤི་རྨས་བཟོས་པར་སྐྱོན་འཛུགས་བྱས།
སི་རི་ཡཱའི་ཕྱི་འབྲེལ་སྡེ་ཁག་གིས་བཤད་རྒྱུར། སི་རི་ཡཱའི་བདག་དབང་ལ་མངོན་སུམ་འཛེམ་མེད་ཀྱིས་གནོད་སྐྱེལ་བ་དེ་ནི་རྒྱུན་མཐུད་ངང་བཙན་འཛུལ་དང་སི་རི་ཡཱའི་ནང་སྲིད་ལ་ཐེ་གཏོགས་བྱེད་པའི་དང་ལེན་བྱེད་དཀའ་བའི་དཔེ་གཞི་ཞིག་ཡིན་ཟེར།
ཏི་ལུའུ་ཙིའི་མི་རྣམས་གཙོ་བོ་སི་རི་ཡཱ་དང་ལེ་པཱ་ནུན། དབྱི་སི་རལ། དབྱི་སི་རལ་གྱིས་བཙན་བཟུང་བྱས་པའི་ཀི་ལན་མཐོ་ས་སོགས་སུ་ཁྱབ་ཡོད། ན་ནིང་ཟླ12པར་སི་རི་ཡཱའི་ཆབ་སྲིད་གནས་བབ་ལ་འགྱུར་ལྡོག་བྱུང་རྗེས། དབྱི་སི་རལ་གྱིས་རང་སྲུང་ལ་ཁ་གཡར་ནས་སྐབས་བསྟུན་གྱིས་ཀི་ལན་མཐོ་ས་ཉེ་འཁོར་བཙན་བཟུང་བྱས་ཏེ། སུའུ་ཝེ་ཏཱ་ཞིང་ཆེན་གྱི་མི་གྲངས་མང་ཤོས་ཟིན་པའི་ཏི་ལུའུ་ཙིའི་མི་ལ་མཉམ་ལས་བྱེད་པར་འཚོལ་ཞིབ་བྱས་ནས། སི་རི་ཡཱའི་ལྷོ་ཕྱོགས་ས་ཁུལ་དུ་འགོག་སྲུང་ས་ཁུལ་བཙུགས་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།