ཚེས16ཉིན།སི་རི་ཡའི་རྒྱལ་ཁབ་བརྙན་འཕྲིན་ལས་ཁུངས་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན།ཉིན་དེར་དབྱི་སི་རལ་གྱིས་སི་རི་ཡའི་རྒྱལ་ས་ཏ་མ་སི་ཁུ་ལ་མཁའ་རྒོལ་བྱས་ནས་མི་སེར་གཉིས་ལ་རྨས་ཕོག་ཡོད་པ་དང་།དབྱི་སི་རལ་གྱི་དམག་དཔུང་གིས་ཏ་མ་སི་ཁུ་རུ་ཡོད་པའི་སི་རི་ཡའི་སྲིད་དབང་གི་དམག་དོན་སྤྱི་ཁྱབ་པུའུ་ཡི་འཛུལ་སྒོར་རྡུང་རྡེག་བཏང་བ་ར་སྤྲོད་བྱས།དེ་དང་མཉམ་དུ་སི་རི་ཡའི་མཐའ་མཚམས་ཀྱི་དམག་ཤུགས་ཆེ་རུ་གཏང་རྒྱུ་ཐག་བཅད་ཡོད་པར་བསྟན།
སི་རི་ཡའི་སྨྱན་བྱད་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན།ཏ་མ་སི་ཁུ་རུ་ཡོད་པའི་སྤྱི་ཁྱབ་ཇུས་འདོན་པུའུ་ཡི་ཐོག་ཁང་གི་ཉེ་འགྲམ་དུ་ཉིན་དེར་དབྱི་སི་རལ་གྱིས་ཐ་ཚིག་རང་བཞིན་གྱི་མཁའ་རྒོལ་བྱས་ཡོད།དེ་དང་བསྟུན་ནས་འཇབ་རྒོལ་ཐེབས་པའི་ས་ཁུལ་དུ་བདེ་འཇགས་ཉེན་བརྡའི་སྒྲ་གྲག་པ་དང་དེའི་ནང་མེ་མདའི་སྒྲ་ཐོས་ཐུབ།ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་ཉིན་དེར་ཏ་མ་སི་ཁུ་རུ་འབར་གས་ཀྱི་སྒྲ་ཆེན་པོ་ཐོས་ཡོད་པར་མ་ཟད།གཞུང་ལས་ཁང་གི་མཁའ་དབྱིངས་སུ་མི་མེད་གནམ་གྲུ་ལྡིང་སྐོར་བྱེད་པའི་སྒྲ་ཡང་ཐོས་ཡོད།
ཚེས16ཉིན།དབྱི་སི་རལ་དམག་ཕྱོགས་ཀྱིས་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར།དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཏ་མ་སི་ཁུའི་དམག་དོན་སྤྱི་ཁྱབ་པུའུ་རུ་ཡོད་པའི་སི་རི་ཡའི་སྲིད་དབང་གི་འཛུལ་སྒོར་རྡུང་རྡེག་བཏང་བ་རེད། དབྱི་སི་རལ་གྱི་དམག་དཔུང་གིས་སི་རི་ཡའི་གནས་བབ་ཀྱི་འཕེལ་རྒྱས་དང་།སྲིད་དབང་དེས་སི་རི་ཡའི་ལྷོ་རྒྱུད་ཀྱི་ཏེ་ལུའུ་ཙི་མིར་དམིགས་པའི་བྱ་སྤྱོད་ལ་མུ་མཐུད་དུ་དོ་ཁུར་བྱ་རྒྱུ་ཡིན་ཞེས་བཤད། གསལ་བསྒྲགས་དེའི་ནང་ཆབ་སྲིད་རིམ་པའི་བཀའ་རྒྱ་གཞིར་བཟུང་ནས་དབྱི་སི་རལ་གྱི་དམག་དཔུང་གིས་ས་ཁུལ་དེར་རྡུང་རྡེག་གཏོང་བཞིན་ཡོད་པར་མ་ཟད།དུས་དང་རྣམ་པ་ཀུན་ཏུ་གནས་ཚུལ་སྣ་ཚོགས་ལ་ཁ་གཏད་གཅོག་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད་ཅེས་འཁོད་ཡོད།
དེའི་རྗེས་སུ་དབྱི་སི་རལ་གྱི་དམག་དཔུང་གིས་ཡང་བསྐྱར་གསལ་བསྒྲགས་སྤེལ་ནས།དབྱི་སི་རལ་གྱི་དམག་དཔུང་གིས་སི་རི་ཡའི་མཐའ་མཚམས་ཀྱི་དམག་ཤུགས་ཆེ་རུ་གཏང་རྒྱུའི་ཐག་བཅད་པ་དང་། དབྱི་སི་རལ་གྱི་དམག་དཔུང་གིས་གནས་བབ་ལ་མུ་མཐུད་དུ་ཞིབ་དཔྱད་བྱས་ནས་དམག་འཐབ་ལས་འགན་ལེགས་འགྲུབ་བྱེད་པར་མཁོ་བའི་དམག་ཤུགས་བཀོད་སྒྲིག་གཏན་འཁེལ་བྱེད་བཞིན་ཡོད། དབྱི་སི་རལ་གྱི་དམག་དཔུང་གིས་མུ་མཐུད་དུ་འགུལ་སྐྱོད་སྤེལ་ནས་དབྱི་སི་རལ་གྱི་མི་སེར་གྱི་བདེ་འཇགས་འགན་ལེན་བྱ་རྒྱུ་ཡིན་ཞེས་བཤད།
གཞན་ཡང་ཚེས16ཉིན་སི་རི་ཡའི་རྒྱལ་ཁབ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན།སི་རི་ཡའི་ལྷོ་རྒྱུད་སུའུ་ཝེ་ཏ་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་སུའུ་ཝེ་ཏ་ལ་ཉིན་དེར་དབྱི་སི་རལ་གྱིས་མཁའ་རྒོལ་བྱས་ནས་མི་སེར་ལ་ཤི་རྨས་བྱུང་ཡོད།
ཏེ་ལུའུ་ཙི་ཡི་མི་རྣམས་གཙོ་བོ་སི་རི་ཡ་དང་ལེ་པ་ནུན།དབྱི་སི་རལ་གྱིས་བཙན་བཟུང་བྱས་ཡོད་པའི་ཀེ་ལན་མཐོ་ས་རུ་ཁྱབ་ཡོད་པ་དང་།དབྱི་སི་རལ་དང་སི་རི་ཡའི་ཏེ་ལུའུ་ཙི་སྡེ་ཁུལ་བར་ལོ་རྒྱུས་དང་རིག་གནས་ཀྱི་འབྲེལ་བ་ཟབ་མོ་ལྡན།ན་ནིང་ཟླ12པར་སི་རི་ཡར་འགྱུར་ལྡོག་ཆེན་པོ་བྱུང་རྗེས།དབྱི་སི་རལ་གྱིས་རང་སྲུང་ལ་ཁ་གཡར་ནས་གོ་སྐབས་དང་བསྟུན་ཏེ་དམག་དཔུང་བཏང་ནས་ཀེ་ལན་མཐོ་ས་བར་ཁུལ་དང་དེ་མིན་ཉེ་འགྲམ་གྱི་ས་ཁུལ་བཙན་བཟུང་བྱས་པ་དང་།ཏེ་ལུའུ་ཙིའི་མི་མང་བའི་སུའུ་ཝེ་ཏ་སོགས་སི་རི་ཡའི་ལྷོ་རྒྱུད་ཀྱི་ཞིང་ཆེན་གསུམ་དུ་སི་རི་ཡའི་སྲིད་དབང་དཔུང་སྡེ་དང་ཡང་ན་དྲག་ཆས་གཞན་དག་ཡོང་མི་ཆོག་པའི་བླང་བྱ་བཏོན་ཡོད།
གཡང་འབུམ་རྒྱལ་གྱིས་བསྒྱུར།