དབྱི་སི་རལ་གྱི་དམག་དཔུང་གིས་སི་རི་ཡའི་རྒྱལ་སར་སྐོར་ཐེངས་གསར་པའི་མཁའ་རྒོལ་བྱས།
2025.07.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚེས16ཉིན།སི་རི་ཡའི་རྒྱལ་ཁབ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན།ཉིན་དེར་དབྱི་སི་རལ་གྱི་དམག་དཔུང་གིས་སི་རི་ཡའི་རྒྱལ་ས་ཏ་མ་སི་ཁུ་ལ་སྐོར་ཐེངས་གསར་པའི་མཁའ་རྒོལ་བྱས།ཚེས16ཉིན་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་ཏ་མ་སི་ཁུ་རུ་འབར་གས་ཀྱི་སྒྲ་ཆེན་པོ་ཐེངས་མང་པོར་ཐོས་པ་དང་།སི་རི་ཡའི་ཙུང་ཐུང་བཞུགས་ཤག་གི་ཉེ་འགྲམ་དང་།སི་རི་ཡའི་རྒྱལ་སྲུང་སྡེ་ཁག་གི་ཉེ་འགྲམ་དུ་མཁའ་རྒོལ་བྱས་པ་མཐོང་ནས་མྱུར་སྐྱོབ་རླངས་འཁོར་འཇབ་རྒོལ་ཐེབས་པའི་ས་ཁུལ་དུ་བསྐྱོད།

སི་རི་ཡའི་རྒྱལ་ཁབ་བརྙན་འཕྲིན་ལས་ཁུངས་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན།སི་རི་ཡའི་སྤྱི་ཁྱབ་ཇུས་འདོན་པུའུ་ཡི་ཐོག་ཁང་གི་ཉེ་འགྲམ་དུ་འབར་མདེལ་འཕངས་པ་ལས་ཐོག་ཁང་དང་དེའི་ཉེ་འགྲམ་གྱི་འཛུགས་སྐྲུན་སྐོར་ཞིག་ལ་གཏོར་བརླག་ཚབས་ཆེན་ཐེབས་ཡོད་པ་རེད། གནས་ཚུལ་སྤེལ་སྐབས་ཀྱི་བརྙན་ལམ་ལས་མངོན་པ་ལྟར་ན།འབར་མདེལ་ཕོག་པའི་ས་ཁུལ་དུ་དུ་སྨུག་མཐུག་པོ་འཕྱུར་བཞིན་ཡོད།

སི་རི་ཡའི་རྒྱལ་ཁབ་བརྙན་འཕྲིན་ལས་ཁུངས་ཀྱིས་ཉིན་དེའི་སྔ་མོར་གནས་ཚུལ་སྤེལ་ནས།དབྱི་སི་རལ་གྱི་དམག་དཔུང་གིས་ཏ་མ་སི་ཁུ་ལ་མཁའ་རྒོལ་བྱས་པ་ལས་མི་སེར་གཉིས་ལ་རྨས་སྐྱོན་ཕོག་ཡོད་ཟེར།དབྱི་སི་རལ་གྱི་དམག་དཔུང་གིས་ཏ་མ་སི་ཁུ་རུ་ཡོད་པའི་སི་རི་ཡའི་སྲིད་དབང་གི་དམག་དོན་སྤྱི་ཁྱབ་པུའུ་ཡི་འཛུལ་སྒོར་རྡུང་རྡེག་བཏང་བ་ར་སྤྲོད་བྱས་པ་དང་།  དེ་དང་མཉམ་དུ་སི་རི་ཡའི་མཐའ་མཚམས་ཀྱི་དམག་མི་ཇེ་མང་དུ་གཏང་རྒྱུའི་ཐག་བཅད་ཡོད་པར་བསྟན།

གཡང་འབུམ་རྒྱལ་གྱིས་བསྒྱུར།