ཡེ་མེན་གྱི་ཧུའུ་སའེ་དྲག་ཆས་ཀྱིས་དབྱི་སི་རལ་མངའ་ཁོངས་ཀྱི་དམིགས་འབེན་མང་པོ་ཞིག་ལ་འཇབ་རྒོལ་བྱས་ཟེར།
2025.07.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚེས16ཉིན་གྱི་དགོང་མོ་ཡེ་མེན་གྱི་ཧུའུ་སའེ་དྲག་ཆས་ཀྱིས་ཉིན་དེར་དབྱི་སི་རལ་གྱི་ས་ཆ་མང་པོར་སྐོར་ཐེངས་གསར་བའི་དམག་དོན་རྡུང་རྡེག་བྱས་པ་དང་། དམིགས་འབེན་ནི་དབུས་རྒྱུད་ཀྱི་པིན·ཀུའུ་ལི་ཨན་རྒྱལ་སྤྱིའི་གནམ་གྲུ་ཐང་དང་། ལྷོ་རྒྱུད་ཀྱི་ནེ་ཀེ་ཕུའུ་ས་ཁུལ་གྱི་དམག་དོན་དམིགས་འབེན། དེ་མིན་རྒྱ་མཚོ་དམར་པོའི་གྲུ་ཁའི་གྲོང་ཁྱེར་ཨའེ་ལ་ཐེ་བཅས་ཡིན་པ་ཁྱབ་བསྒྲགས་བྱས།

ཧུའུ་སའེ་དྲག་ཆས་ཀྱི་མགྲིན་ཚབ་པ་ཡེ་ཧའེ་ཡ·ས་ལེ་ཡ་ཡིས་རྩ་འཛུགས་དེས་ཚོད་འཛིན་བྱས་ཡོད་པའི་མ་ཞི་ལ་བརྙན་འཕྲིན་ལས་ཁུངས་བརྒྱུད་ནས་གསལ་བསྒྲགས་སྤེལ་ཏེ། ཧུའུ་སའེ་ཡི་འཕུར་མདེལ་དམག་དཔུང་གིས་པིན·ཀུའུ་ལི་ཨན་གནམ་གྲུ་ཐང་དུ་ཙུའོ་ལེ་ཧྥེ་ཁ་ཨར་རྟགས་ཅན་གྱི་མདེལ་ལམ་འཕུར་མདེལ་ཞིག་འཕངས་པ་དང་། མཁའ་དམག་གིས་མི་མེད་གནམ་གྲུ4བཏང་ནས་དམག་དོན་འགུལ་སྐྱོད་སྐོར་ཐེངས་གསུམ་པ་སྤེལ་བ་དང་། དེའི་ནང་གི་གནམ་གྲུ་གཉིས་ཀྱིས་ནེ་ཀེ་ཧྥུའུ་ས་ཁུལ་གྱི་དམག་དོན་དམིགས་འབེན་ཞིག་ལ་ཕར་རྒོལ་བྱས་པ་དང་། གཞན་གཉིས་ཀྱིས་པིན·ཀུའུ་ལི་ཨན་གནམ་ཐང་དང་དབྱི་སི་རལ་ལྷོ་རྒྱུད་ཀྱི་ཨའེ་ལ་ཐེ་གྲུ་ཁ་སོ་སོར་འཇབ་རྒོལ་བྱས་པ་རེད།

ས་ལེ་ཡ་ཡིས་ཐེངས་འདིའི་རྡུང་རྡེག་གྱིས་གཏན་འཁེལ་བྱས་པའི་དམིགས་འབེན་བདེ་བླག་ངང་མངོན་འགྱུར་བྱུང་ཡོད་ཅེས་བཤད།  ཁོས་ད་དུང་ཧུའུ་སའེ་དྲག་ཆས་ལ་དབྱི་སི་རལ་གྱི་ཏི་མོ་ན་གྲོང་ཁྱེར་ཉེ་འགྲམ་གྱི་ནེ་ཀའེ་ཕུའུ་བྱེ་ཐང་གི་ཉིང་རྡུལ་སྒྲིག་ཆས་ལ་རྡུང་རྡེག་བྱེད་པའི་ནུས་པ་ལྡན་པའི་ལྐོག་བརྡ་བཏང་བ་རེད།

གཞན་ཡང་ས་ལེ་ཡ་ཡིས་ཧུའུ་སའེ་དྲག་ཆས་ཀྱིས་རྒྱ་མཚོ་དམར་པོ་དང་ཨ་རབ་རྒྱ་མཚོ་རུ་དབྱི་སི་རལ་དང་འབྲེལ་བ་ཡོད་པའི་གྲུ་གཟིངས་ལ་མུ་མཐུད་དུ་རྡུང་རྡེག་གཏང་རྒྱུ་ཡིན་པ་དང་། དེའི་ནང་སྔོན་ཆད་དབྱི་སི་རལ་གྱི་གྲུ་ཁར་ཉོ་འཚོང་འགྲོ་འོང་བྱེད་མྱོང་བའི་གྲུ་གཟིངས་ཀྱང་འདུས་ཡོད་པ་བསྐྱར་བསྒྲགས་བྱས།

དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་དགོང་མོ་དེར་སྨྱན་བྱད་བརྒྱུད་ནས། དབྱི་སི་རལ་གྱི་མཁའ་དམག་གིས་ཡེ་མེན་ཕྱོགས་ནས་ཡོང་བའི་འཕུར་སྐྱོད་འཕྲུལ་ཆས་ཤིག་བདེ་བླག་ངང་བཀག་འགོག་བྱས་པ་དང་། མི་སྣར་ཤི་རྨས་དང་རྒྱུ་ནོར་ལ་གྱོང་གུན་བཟོས་མེད་ཅེས་བཤད།

2023ལོའི་ཟླ10པར་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་བར་སྐོར་ཐེངས་གསར་པའི་གདོང་ཐུག་བྱུང་བ་ནས་བཟུང་། ཧུའུ་སའེ་དྲག་ཆས་ཀྱིས་མུ་མཐུད་དུ་འཕུར་མདེལ་དང་མི་མེད་གནམ་གྲུ་སྤྱད་དེ་དབྱི་སི་རལ་མངའ་ཁོངས་ཀྱི་དམིགས་འབེན་ལ་འཇབ་རྒོལ་བྱས་པ་མ་ཟད། རྒྱ་མཚོ་དམར་པོར་རྒྱལ་སྤྱིའི་གྲུ་གཟིངས་ལ་དམིགས་པའི་འཇབ་རྒོལ་མང་པོ་བྱས།  ཧུའུ་སའེ་ཕྱོགས་ཀྱིས་བྱ་སྤྱོད་དེ་དག་ནི་ཅ་ཧྲའི་ཕ་ལེ་སི་ཐན་གྱི་མི་དམངས་ལ་རོགས་སྐྱོར་བྱས་པ་ཞིག་ཡིན་ཞེས་བཤད།

དབྱི་སི་རལ་གྱིས་ཧུའུ་སའེ་དྲག་ཆས་ཀྱིས་ཚོད་འཛིན་འོག་གི་ས་ཁུལ་ལ་མཁའ་རྒོལ་ཐེངས་མང་བྱས་པ་དང་།  དེའི་ནུས་རྒྱུའི་རྨང་གཞིའི་སྒྲིག་ཆས་དང་དམག་དོན་སྒྲིག་ཆས་གལ་ཆེན་ལ་རྡུང་རྡེག་བཏང་སྟེ་མི་སྣ་ཤི་རྨས་དང་དངོས་ཟོག་ལ་གྱོང་གུན་ཚབས་ཆེན་བཟོས་པར་བཤད།

གཡང་འབུམ་རྒྱལ་གྱིས་བསྒྱུར།