ཚེས16ཉིན། ཨ་རི་དང་དབྱི་སི་རལ་གྱིས་རྒྱབ་སྐྱོར་བྱས་ནས་བཙུགས་པའི་ཅ་ཧྲའི་མི་ཆོས་རིང་ལུགས་ཐེབས་རྩ་ཚོགས་པས་བཤད་རྒྱུར། རོགས་སྐྱོར་དངོས་པོ་བགོ་བཤའ་བྱེད་ས་ཞིག་ཏུ་ཕ་ལེ་སི་ཐན་གྱི་མང་ཚོགས20ལ་རྡོག་རྫིས་ཐེབས་ནས་རྐྱེན་ལམ་དུ་ཤོར་བ་དང་། དེ་ནི་རྩ་འཛུགས་ཤིག་གི་དྲག་ཆས་མི་སྣས་མི་ཚོགས་ལ་ངན་སྐུལ་བྱས་པ་ལས་བྱུང་བ་རེད་ཟེར། ཅ་ཧྲའི་དམངས་ཁྲོད་རྩ་འཛུགས་ཀྱི་མི་སྣས་བཤད་པ་ལྟར་ན། ཐེབས་རྩ་ཚོགས་པ་དེར་མི་ཚོགས་ལ་དོ་དམ་ཚོད་འཛིན་བྱེད་དབང་མེད་པས་རྡོག་རྫིས་དོན་རྐྱེན་དེ་བྱུང་བ་རེད་ཟེར།
ཅ་ཧྲའི་མི་ཆོས་རིང་ལུགས་ཐེབས་རྩ་ཚོགས་པའི་གསལ་བསྒྲགས་ཤིག་གི་ནང་དུ། ཕ་ལེ་སི་ཐན་པ19ལ་རྡོག་རྫིས་ཐེབས་ནས་རྐྱེན་ལམ་དུ་ཤོར་བ་དང་། མི1ལྐོག་གསོད་བྱས་ནས་རྐྱེན་ལམ་དུ་ཤོར་བ་རེད་ཟེར། རྩ་འཛུགས་དེས་མི་ཚོགས་ཁྲོད་ཀྱི་དྲག་ཆས་མི་སྣ་དང་ཧ་མ་སིའི་ཁོངས་སུ་གཏོགས་པའི་མི་སྣས་བསམ་བཞིན་དུ་ཟིང་འཁྲུག་བསླངས་པར་ཡིད་ཆེས་བྱེད་པའི་བློས་འགེལ་ཆོག་པའི་རྒྱུ་མཚན་ཡོད་ཅེས་བཤད་ཡོད།
ཨ་རིའི་མཉམ་འབྲེལ་འཕྲིན་གཏོང་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། དེ་ནི་ཅ་ཧྲའི་མི་ཆོས་རིང་ལུགས་ཐེབས་རྩ་ཚོགས་པས་ཅ་ཧྲ་ས་ཁུལ་དུ་དངོས་ཟོག་བགོ་བཤའ་བྱེད་སྐབས་མི་སྣར་ཤི་རྨས་བྱུང་བའི་གནས་ཚུལ་གཏན་འཁེལ་བྱས་པ་ཐོག་ དང་པོ་ཡིན་ཞིང་། སྔོན་ཆད་སྒེར་གཉེར་རྩ་འཛུགས་དེས་དངོས་པོ་བགོ་བཤའ་བྱ་ཡུལ་དུ་གནད་དོན་དེ་འདྲ་བྱུང་བ་ཁས་ལེན་བྱས་པ་ཧ་ཅང་ཉུང་བ་དང་། རྒྱུན་དུ་ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ་ཧ་མ་སི་ཡིས་འཇིགས་སྐུལ་བྱས་པ་དང་དོན་དངོས་མིན་པའི་ཆ་འཕྲིན་ཁྱབ་བསྒྲགས་བྱས་པར་སྐྱོན་འཛུགས་བྱེད་ཀྱི་ཡོད་མོད། འོན་ཀྱང་དཔང་རྟགས་ཁུངས་བཙན་བཏོན་མྱོང་མེད།
ལུའུ་ཐུའུ་གསར་འགྱུར་ཁང་གིས་ཅ་ཧྲ་ས་ཁུལ་གྱི་དམངས་ཁྲོད་རྩ་འཛུགས་ཤིག་གི་འགན་འཁུར་བ་ཨ་མུའུ་ཅ་ཏེ·ཧྲ་ཝ་ཡི་སྐད་ཆ་དྲངས་ནས་སྤེལ་བའི་གནས་ཚུལ་ ལྟར་ན། ཅ་ཧྲའི་མི་ཆོས་རིང་ལུགས་ཐེབས་རྩ་ཚོགས་པའི་དོ་དམ་མི་ལེགས་པ་དང་མི་ཚོགས་ལ་དོ་དམ་ཚོད་འཛིན་བྱས་མེད་པས། ལྟོགས་སྐོམ་གྱིས་མནར་བའི་མང་ཚོགས་མང་པོ་བར་སྟོང་ཆུང་ཆུང་ཞིག་ཏུ་འཚང་ཁ་བརྒྱབ་ནས་ཤི་རྨས་བྱུང་བ་རེད་ཟེར།
ཉིན་སྔོན་མར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་དོན་གྱི་མཐོ་རིམ་ཆེད་དོན་དོན་གཅོད་ཁྲུའུ་ཡིས་གནས་ཚུལ་སྤེལ་ནས་བཤད་རྒྱུར། ཟླ7པའི་ཚེས13ཉིན་བར་ཅ་ཧྲ་ས་ཁུལ་གྱི་མི800ལྷག་ཙམ་ཟས་རིགས་ཐོབ་རྩོད་བྱེད་པའི་རྒྱུད་རིམ་ཁྲོད་རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་མི600ལྷག་ཙམ་ཅ་ཧྲའི་མི་ཆོས་རིང་ལུགས་ཐེབས་རྩ་ཚོགས་པའི་དངོས་པོ་བགོ་སའི་ཉེ་འགྲམ་དུ་རྐྱེན་ལམ་དུ་ཤོར་བ་རེད་ཟེར།
ཟླ5བའི་ཚེས27ཉིན་གྱི་ཚུན་དུ། ཅ་ཧྲའི་མི་ཆོས་རིང་ལུགས་ཐེབས་རྩ་ཚོགས་པ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་གཞི་ལས་གཡོལ་ནས་ཕྱོགས་རྐྱང་པའི་སྒོ་ནས་ཅ་ཧྲ་ས་ཁུལ་གྱི་རོགས་སྐྱོར་དངོས་ཟོག་བགོས་པའི་རྩིས་ལེན་བདག་གཉེར་བྱས་པ་དང་། དངོས་པོ་བགོ་སའི་ཉེ་འགྲམ་དུ་དབྱི་སི་རལ་གྱི་དམག་མིས་རྒུད་སྐྱོབ་དངོས་པོ་ལེན་མཁན་ལ་མེ་མདས་བརྒྱབ་ནས་བསད་པའི་དོན་རྐྱེན་ཐེངས་མང་བྱུང་ཡོད་པ་རེད། ཟླ6པའི་ཚེས30ཉིན། དབྱི་སི་རལ་གྱི་དམག་དཔུང་གིས་གསལ་བསྒྲགས་སྤེལ་ནས། ཕ་ལེ་སི་ཐན་གྱི་མི་སེར་ལ་བགོ་བཤའ་རྒྱག་སའི་ཉེ་འགྲམ་དུ་གནོད་འཚེ་ཕོག་པ་ཁས་ལེན་བྱས་པ་དང་། དེ་དང་མཉམ་དུ་བསླབ་བྱ་བསྡུ་ལེན་བྱས་ཡོད་ལ་མེ་མདའ་བརྒྱབ་པའི་དོན་རྐྱེན་ལ་བརྟག་དཔྱད་བྱེད་པ་དང་མཉམ་དུ་གཡུལ་སའི་དམག་དཔུང་ལ་འགུལ་སྐྱོད་ཀྱི་ཚད་གཞི་གསར་པ་བཟོས་ཡོད་པར་བཤད།
ཅ་ཧྲའི་མི་ཆོས་རིང་ལུགས་ཐེབས་རྩ་ཚོགས་པས་གསལ་བསྒྲགས་གསར་བ་སྤེལ་བའི་ཉིན་དེར། དབྱི་སི་རལ་གྱི་དམག་དཔུང་གིས་ཅ་ཧྲ་ས་ཁུལ་དུ་དམག་དོན་འགུལ་སྐྱོད་སྤེལ་ནས་མི41རྐྱེན་ལམ་དུ་ཤོར། ཚེས16ཉིན་སྨྱན་བྱད་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཅ་ཧྲ་ས་ཁུལ་གྱི་བྱང་རྒྱུད་ལ་མཁའ་རྒོལ་བྱས་ནས་བྱིས་པ11དང་བཅས་པའི་མི22རྐྱེན་ལམ་དུ་ཤོར་བ་དང་། ལྷོ་ཕྱོགས་ཀྱི་ཧན་ཡིའུ་ཉི་སིའི་འགུལ་སྐྱོད་ཁྲོད་མི19རྐྱེན་ལམ་དུ་ཤོར་ཡོད་པ་རེད།
གཡང་འབུམ་རྒྱལ་གྱིས་བསྒྱུར།