ཚེས16ཉིན། ཨ་རིའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་ཁུ་ཁོལ་ཁུ་ནག་ཀུང་སིས་ཨ་རིའི་བུར་ཤིང་ངོ་མ་སྤྱད་ནས་བཏུང་བྱ་ཐོན་སྐྱེད་བྱ་པར་མོས་མཐུན་བྱུང་ཡོད་ཅེས་བཤད། ཁུ་ཁོལ་ཁུ་ནག་ཀུང་སིས་དེར་ལན་བཏབ་སྟེ་གནས་ཚུལ་ཞིབ་ཕྲ་དེ་ལས་མང་བ་མྱུར་དུ་མཉམ་སྤྱོད་བྱ་རྒྱུ་ཡིན་ཞེས་བཤད།
ཐི་ལིང་ཕུའུ་ཡིས་སྨྱན་བྱད་སྟེང་རྩོམ་ཡིག་སྤེལ་ནས། ངས་ཐོག་མཐའ་བར་གསུམ་དུ་ཁུ་ཁོལ་ཁུ་ནག་ཀུང་སིས་ཨ་རིར་བུར་ཤིང་ངོ་མ་སྤྱད་ནས་ཁུ་ནག་ཐོན་སྐྱེད་བྱེད་པའི་དོན་དག་ཐད་འབྲེལ་གཏུག་བྱེད་བཞིན་ཡོད་པས་ཁོ་ཚོས་དེ་ལྟར་སྒྲུབ་རྒྱུར་མོས་མཐུན་བྱུང་ཡོད་ཅེས་བཤད།
ཐི་ལིང་ཕུའུ་ཡིས་དེ་ནི་ཁོ་ཚོའི་གོམ་པ་སྤོ་སྟངས་ཧ་ཅང་ཡག་པོ་ཞིག་རེད། ཁྱོད་ཚོས་སྒུག་ནས་སྡོད་དང་བུར་ཤིང་ངོ་མ་བསྣན་ན་སྔར་ལས་ཡག་པོ་འབྱུང་ཐུབ་ཟེར།
ཁུ་ཁོལ་ཁུ་ནག་ཀུང་སིས་ཉིན་དེར་གཞུང་ཕྱོགས་ཀྱི་དྲ་ལམ་ནས་གསལ་བསྒྲགས་སྤེལ་ཏེ། སྲིད་འཛིན་ཐི་ལིང་ཕུའུ་ཡིས་མཚོན་རྟགས་རང་བཞིན་གྱི་ཁུ་ཁོལ་ཁུ་ནག་གི་སྤུས་རྟགས་ལ་སྤྲོ་སེམས་བསྟན་པར་ཐུགས་རྗེ་ཆེ་ཞུས་པ་དང་། ཁུ་ཁོལ་ཁུ་ནག་ཐོན་རྫས་ཀྱི་གསར་གཏོད་ཐོན་རྫས་རབ་དང་རིམ་པའི་ཞིབ་ཕྲའི་གནས་ཚུལ་དེ་ལས་མང་པོ་མྱུར་དུ་ཁྱབ་བསྒྲགས་བྱ་རྒྱུ་ཡིན་ཞེས་བཤད།
ཨ་རིའི་སྨྱན་བྱད་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། ཨ་རིའི་ཁྲོམ་རའི་ཁུ་ཁོལ་ཁུ་ནག་ཐོན་རྫས་ལ་ཤིང་འབྲས་ཀྱི་མངར་ཚད་མཐོ་བའི་མ་རྨོས་ལོ་ཏོག་གི་མངར་ཁུ་སྤྱོད་བཞིན་ཡོད་པ་རེད། གསོ་རིག་ཆེད་མཁས་པ་ཞིག་གིས་བཤད་རྒྱུར། བུར་ཤིང་དང་ཤིང་འབྲས་མངར་ཆ་མཐོ་བའི་མ་རྨོས་ལོ་ཏོག་གི་མངར་ཁུ་བར་ཁྱད་པར་མངོན་གསལ་མེད་ཟེར། ཨ་རིའི་འཕྲོད་བསྟེན་དང་སྤྱི་པའི་ཞབས་ཞུ་པུའུ་ཡི་པུའུ་ཀྲང་ཞའོ་ལུའོ་པོ་ཐེ·ཁེན་ཉི་ཏི་ཡིས་དུས་ཡུན་རིང་པོར་ཤིང་འབྲས་མངར་ཆ་མཐོ་བའི་མ་རྨོས་ལོ་ཏོག་གི་མངར་ཁུ་ལ་སྐྱོན་བརྗོད་ཀྱི་རྣམ་འགྱུར་འཛིན་གྱི་ཡོད།
ཨ་རིའི་མ་རྨོས་ལོ་ཏོག་ལས་སྣོན་མཐུན་ཚོགས་ཀྱི་ལས་འཛིན་པ་དང་དབུ་བཞུགས་ལག་བསྟར་དཔོན་གྱི་འགན་གཅིག་ལྕོགས་སུ་ཁུར་བའི་ཡུའེ་ཧན་·པོ་ཏེ་ཡིས་གསལ་བསྒྲགས་སྤེལ་ནས། བུར་ཤིང་གིས་ཤིང་འབྲས་མངར་ཚད་མཐོ་བའི་མ་རྨོས་ལོ་ཏོག་གི་མངར་ཆའི་ཚབ་བྱས་པར་དོན་སྙིང་མེད་དང་། དེ་ལྟར་བྱས་ན་ཨ་རིའི་བཟའ་བཏུང་བཟོ་སྐྲུན་ལས་རིགས་ཀྱི་ལས་གནས་ཁྲི་སྟོང་མང་པོ་ཤོར་ནས་ཞིང་རའི་ཡོང་འབབ་ཇེ་ཉུང་དུ་འགྲོ་སྲིད་པ་དང་། དུས་མཚུངས་སུ་ཕྱི་རྒྱལ་གྱི་མངར་ཚད་ནང་འདྲེན་བྱེད་པ་ཇེ་མང་དུ་འགྲོ་སྲིད་ཅེས་བཤད།
གཡང་འབུམ་རྒྱལ་གྱིས་བསྒྱུར།