ཚེས16ཉིན་དབྱི་ལིང་གྲོས་ཁང་གིས་བཤད་རྒྱུར། ཕ་རོལ་པོས་དབྱི་ལིང་གིས་བཏོན་པའི་སྔོན་འགྲོའི་ཆ་རྐྱེན་སྐོང་ན་མ་གཏོགས། དབྱི་ལིང་གིས་ཨ་རི་དང་མཚམས་བཞག་པའི་ཉིང་རྡུལ་གྲོས་མོལ་སླར་གསོ་བྱེད་མི་སྲིད་ཟེར།
ཉིན་དེར་དབྱི་ལིང་གྲོས་ཁང་གིས་གཞུང་ཕྱོགས་སྨྱན་བྱད་བརྒྱུད་ནས་གསལ་བསྒྲགས་ཤིག་སྤེལ་ཏེ། དབྱི་ལིང་དང་ཨ་རིའི་ཉིང་རྡུལ་གྲོས་མོལ་གྱི་ལངས་ཕྱོགས་བསྐྱར་བསྒྲགས་བྱས་པ་རེད། གསལ་བསྒྲགས་ལས་ཨ་རིས་གྲོས་མོལ་དེས་དབྱི་ལིང་ལ་མགོ་སྐོར་བཏང་ནས་དབྱི་སི་རལ་གྱིས་དབྱི་ལིང་ལ་གློ་བུར་དུ་འཇབ་རྒོལ་བྱེད་པར་འགེབས་སྲུང་བྱེད་ཀྱི་ཡོད། དབྱི་ལིང་དང་ཨ་རིའི་བར་གྱི་གྲོས་མོལ་དེ་སྔར་ལྟར་སྤེལ་མི་རུང་། ངེས་པར་དུ་སྔོན་འགྲོའི་ཆ་རྐྱེན་གཏན་འཁེལ་བྱེད་དགོས་པ་དང་། ཆ་རྐྱེན་དེ་དག་ཁས་ལེན་མ་བྱས་སྔོན་ང་ཚོས་གྲོས་མོལ་གསར་པ་བྱེད་མི་སྲིད་ཅེས་འཁོད་ཡོད།
གསལ་བསྒྲགས་ལས་དབྱི་ལིང་ཕྱོགས་ཀྱི་སྔོན་འགྲོའི་ཆ་རྐྱེན་གྱི་ནང་དོན་ཞིབ་ཕྲའི་སྒོ་ནས་བཤད་བྱས་མེད། དབྱི་ལིང་གི་ཕྱི་འབྲེལ་པུའུ་ཀྲང་ཨ་པ་སི·ཨ་ལ་ཀེ་ཆི་ཡིས་ཟླ6པའི་ཟླ་མཇུག་ཏུ་ཨ་རིའི་སྨྱན་བྱད་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས། དབྱི་ལིང་གིས་ཨ་རི་དང་གྲོས་མོལ་སླར་གསོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་ནི། ཨ་རིས་གྲོས་མོལ་བྱེད་པའི་རིང་ལ་དབྱི་ལིང་ལ་འཇབ་རྒོལ་མི་བྱེད་པར་འགན་སྲུང་བྱ་རྒྱུ་དེ་ཡིན་ཞེས་བཤད་ཡོད།
ཟླ་འདིའི་ཚེས12ཉིན། ཨ་ལ་ཀེ་ཆི་ཡིས་དབྱི་ལིང་གིས་ཉིང་རྡུལ་འཆར་གཞིའི་ཐད་ནས་གྲོས་མོལ་བྱེད་འདོད་ཡོད་མོད། འོན་ཀྱང་གྲོས་མཐུན་གཞན་དག་གང་ཡང་དང་ལེན་བྱེད་མི་སྲིད་ཟེར། ཁོས་ད་དུང་དབྱི་ལིང་གི་མདེལ་ལམ་འཕུར་མདེལ་རྣམ་གྲངས་དང་ཉིང་རྡུལ་གྲོས་མོལ་སྐོར་ནས་འབྲེལ་བ་བྱེད་པར་ཁས་ལེན་མི་བྱེད་པར་བསྟན།
ཚེས15ཉིན། ཨ་རིའི་སྨྱན་བྱད་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། ཚེས14ཉིན་ཨ་རིའི་རྒྱལ་སྲིད་བློན་ཆེན་མར་ཁོ·ལུའུ་པི་ཨའོ་ཡིས་དབྱིན་ཇི་དང་ཧྥ་རན་སི། འཇར་མན་བཅས་ཀྱི་ཕྱི་འབྲེལ་པུའུ་ཀྲང་དང་ཁ་པར་གྱི་ལམ་ནས་གྲོས་མོལ་བྱས་ཏེ། ཟླ8པའི་ཟླ་མཇུག་ནི་དབྱི་ལིང་དང་ཨ་རིའི་བར་ཉིང་རྡུལ་གྲོས་མཐུན་འཇོག་པའི་མཐའ་མའི་དུས་ཚོད་ལ་གཏན་འཁེལ་བྱ་རྒྱུར་ཡིད་འཐད་བྱུང་བ་དང་། དེ་ལྟར་མ་བྱས་ན་དབྱིན་ཇི་དང་ཧྥ་རན་སི། འཇར་མན་རྒྱལ་ཁབ་གསུམ་གྱིས་དབྱི་ལིང་གི་བཀག་སྡོམ་སླར་གསོ་བྱ་རྒྱུ་རེད།
ཨ་མན་གྱི་འདུམ་སྒྲིག་འོག་ཨ་རི་དང་དབྱི་ལིང་གཉིས་ཀྱིས་ད་ལོའི་ཟླ4པ་ནས་བཟུང་གཞན་བརྒྱུད་གྲོས་མོལ་ཐེངས་ལྔ་བྱས་པ་དང་། ཕྱོགས་གཉིས་ལ་གྲོས་གཞི་གཙོ་བོ་འགའི་ཐད་མི་མཐུན་པའི་ཆ་མངོན་གསལ་གྱིས་ཡོད། སྐོར་ཐེངས་དྲུག་པའི་གྲོས་མོལ་དེ་ཐོག་མར་ཟླ6ཚེས15ཉིན་བྱེད་རྒྱུ་གཏན་འཁེལ་བྱས་ཀྱང་། དབྱི་སི་རལ་གྱིས་དབྱི་ལིང་ལ་གློ་བུར་དུ་འཇབ་རྒོལ་བྱས་པར་བརྟེན་གྲོས་མོལ་དེ་མེད་པར་བཟོས་ཡོད། དབྱི་སི་རལ་དང་དབྱི་ལིང་བར་གདོང་ཐུག་བྱུང་བའི་ཉིན12ནང་། ཨ་རིས་དབྱི་ལིང་གི་ཉིང་རྡུལ་སྒྲིག་ཆས་ལ་འབར་མདེལ་འཕངས་པ་དང་དབྱི་ལིང་གིས་འཁོན་ལན་སློག་ནས་ཁ་ཐར་དུ་སྡོད་པའི་ཨ་རིའི་དམག་དཔུང་གི་ཝུའུ་ཏའེ་ཏེ་མཁའ་དམག་རྟེན་གཞིར་འཕུར་མདེལ་གྱིས་འཇབ་རྒོལ་བྱས་པ་རེད།
གཡང་འབུམ་རྒྱལ་གྱིས་བསྒྱུར།