དབྱི་རག་གི་ཁུའུ་ཨར་ཏི་ས་ཁུལ་གྱི་སྣུམ་ཞིང་སོགས་སུ་བསྟུད་མར་མི་མེད་གནམ་གྲུའི་འཇབ་རྒོལ་ཐེབས།
2025.07.18 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཚེས17ཉིན།  དབྱི་རག་བྱང་རྒྱུད་ཀྱི་ཁུའུ་ཨར་ཏི་རང་སྐྱོང་ཁུལ་གྱི་འཇིགས་སྐུལ་ངོ་རྒོལ་སྡེ་ཁག་གིས་བཤད་པ་ལྟར་ན།   འབར་རྫས་བཞག་ཡོད་པའི་ མི་མེད་གནམ་གྲུ་གསུམ་གྱིས་ཉིན་དེར་ཁུའུ་ཨར་ཏི་ས་ཁུལ་གྱི་སྣུམ་ཞིང་དང་བཅས་པའི་ས་ཆ་མང་པོ་ཞིག་ལ་འཇབ་རྒོལ་བྱས་ཀྱང་སྟབས་ལེགས་པ་ཞིག་ལ་མི་སྣར་ཤི་རྨས་བྱུང་མེད་ཟེར།

ཁུའུ་ཨར་ཏི་ས་ཁུལ་གྱི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་སྤྱི་ཁྱབ་ཅུའུ་ཡིས་ཁྱབ་བསྒྲགས་བྱས་པའི་གསལ་བསྒྲགས་ལྟར་ན། འཇབ་རྒོལ་ཐོག་མ་དེ་ས་གནས་དེའི་དུས་ཚོད་ཚེས17ཉིན་གྱི་ནམ་གུང་གི་དུས་ཚོད1དང་སྐར་མ27བྱས་པ་དང་།  མི་མེད་གནམ་གྲུ་ཞིག་ཆུ་ཁུའུ་ཨར་ཏི་ས་ཁུལ་གྱི་ལྟེ་བའི་གྲོང་ཁྱེར་ཨེར་པི་ལེ་ཉེ་འགྲམ་གྱི་པ་ཞི་ཨར་ཁ་ས་ཁུལ་དུ་ལྷུང་ཡོད་པ་རེད། འཇབ་རྒོལ་གཉིས་པ་ནི་སྔ་དྲོའི་དུས་ཚོད10དང་སྐར་མ50སྟེང་བྱས་པ་དང་། མི་མེད་གནམ་གྲུ་ཞིག་ཨེར་པི་ལེ་ཞིང་ཆེན་ཧྲ་མ་མུའུ་ཁེ་ས་ཁུལ་གྱི་ཉེ་འགྲམ་དུ་ལྷུང་ཡོད། མི་མེད་གནམ་གྲུ་གསུམ་པས་སྔ་དྲོའི་དུས་ཚོད10དང་སྐར་མ55ཐོག་ཀྲ་ཧུའུ་ས་ཁུལ་གྱི་སྣུམ་ཞིང་ཞིག་ལ་འཇབ་རྒོལ་བྱས་པ་རེད། འཇབ་རྒོལ་ཐེངས་གསུམ་བྱས་པའི་ཁྲོད་མི་སྣར་ཤི་རྨས་ཅི་ཡང་བྱུང་མེད།

ད་དུང་རྩ་འཛུགས་གང་རུང་གིས་གོང་གསལ་གྱི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁྱབ་བསྒྲགས་བྱས་མེད།

ཉེ་ལམ་ཁུའུ་ཨར་ཏི་ས་ཁུལ་ལ་དམིགས་པའི་མི་མེད་གནམ་གྲུའི་འཇབ་རྒོལ་དོན་རྐྱེན་ཡང་ཡང་བྱུང་ཡོད།  ཚེས15ཉིན་དབྱི་རག་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་བཀོད་འདོམས་པའི་མགྲིན་ཚབ་པ་ས་པ་ཧི·ནུའུ་མན་གྱིས་གསལ་བསྒྲགས་སྤེལ་ནས། དབྱི་རག་གི་ཙུང་ལི་སུའུ་ཏ་ཉི་ཡིས་འབྲེལ་ཡོད་སྡེ་ཁག་ལ་འཇབ་རྒོལ་དོན་རྐྱེན་དེར་ཁྱོན་ཡོངས་ནས་བརྟག་དཔྱད་བྱ་རྒྱུའི་མཛུབ་སྟོན་བྱས་ཡོད་ཅེས་བཤད།

གཡང་འབུམ་རྒྱལ་གྱིས་བསྒྱུར།