དབྱི་སི་རལ་གྱི་དམག་དཔུང་གིས་ཅ་ཧྲའི་ས་ཆ་མང་པོར་འབར་མདེལ་འཕངས་ནས་ཉུང་མཐར་ཡང་མི34རྐྱེན་ལམ་དུ་ཤོར།
2025.07.18 ཁུངས། ཀློག་གྲངས། 0

ཚེས17ཉིན་ཕ་ལེ་སི་ཐན་ཅ་ཧྲ་ས་ཁུལ་དམངས་སྲུང་སྡེ་ཁག་གི་མགྲིན་ཚབ་པ་མ་ཧ་མའོ་ཏེ·པ་ས་ལི་ཡིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་པ་ལྟར་ན། ཉིན་དེར་དབྱི་སི་རལ་གྱི་དམག་དཔུང་གིས་ཅ་ཧྲའི་ས་ཁུལ་མང་པོར་འབར་མདེལ་འཕངས་ནས་ཉུང་མཐར་ཡང་མི34རྐྱེན་ལམ་དུ་ཤོར་ཟེར།

པ་ས་ལི་ཡིས་དབྱི་སི་རལ་གྱི་དམག་དཔུང་གིས་ཅ་ཧྲ་ས་ཁུལ་བྱང་རྒྱུད་ཀྱི་ཅ་ཧྲ་གྲོང་ཁྱེར་གྱི་ཆོས་ཁང་ཞིག་ལ་འབར་མདེལ་འཕངས་ནས་ཉུང་མཐར་ཡང་མི2རྐྱེན་ལམ་དུ་ཤོར་བ་དང་མི7ལ་རྨས་ཕོག་ཡོད། ཡུལ་དངོས་ཀྱི་གནས་ཚུལ་དངོས་སུ་མཐོང་མཁན་གྱིས་གསར་འགོད་པར་བཤད་པ་ལྟར་ན། ཆོས་ཁང་དེར་ཡུལ་གྱར་བ་མང་པོ་བསྡད་ཡོད་པ་དང་འཇབ་རྒོལ་གྱིས་ཆོས་ཁང་གི་འཛུགས་སྐྲུན་ལ་གཏོར་སྐྱོན་ཚབས་ཆེན་བཟོས་ཡོད་ཅེས་བཤད།

པ་ས་ལི་ཡིས་དབྱི་སི་རལ་གྱི་དམག་དཔུང་གིས་ད་དུང་ཅ་ཧྲ་ས་ཁུལ་བྱང་རྒྱུད་ཀྱི་ཅེ་པ་ལི་ཡེ་དང་།  ལྷོ་རྒྱུད་ཀྱི་མ་ཝ་ཞིས་སོགས་སུ་འབར་མདེལ་འཕངས་ནས་མི་སྣ་ཤི་རྨས་བྱུང་ཡོད་པར་བཤད།

ཚེས17ཉིན་གྱི་དགོང་མོར་དབྱི་སི་རལ་གྱི་རྒྱལ་སྲུང་དམག་གིས་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། བརྟག་དཔྱད་རགས་ཙམ་བྱས་པ་ལས་ཤེས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ས་གནས་དེ་རུ་དམག་དོན་འགུལ་སྐྱོད་སྤེལ་སྐབས་འཕངས་པའི་སྒྱོགས་མདེལ་གྱི་ཆག་རོ་ཞིག་ཆོས་ཁང་ལ་ཕོག་པ་དང་ཞིབ་ཕྲའི་རྒྱུ་རྐྱེན་ལ་བརྟག་དཔྱད་བྱེད་བཞིན་པའི་སྒང་ཡིན་ཟེར།

ཅ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཚེས17ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། ཟླ3པའི་ཚེས18ཉིན། དབྱི་སི་རལ་གྱིས་ཅ་ཧྲ་ས་ཁུལ་དུ་དམག་དོན་འགུལ་སྐྱོད་སླར་གསོ་བྱས་པ་ནས་བཟུང་།  ཉུང་མཐར་ཡང་ས་གནས་དེའི་མི7843རྐྱེན་ལམ་དུ་ཤོར་བ་དང་མི27933ལ་རྨས་ཕོག་ཡོད་པ་རེད།

གཡང་འབུམ་རྒྱལ་གྱིས་བསྒྱུར།