ལཱ་མཱ་ཧྥུའུ་སཱ་ཡིས་རུལ་སུངས་རྐང་ཚུགས་ཐབས་མེད་པའི་ཨ་ཧྥེ་རི་ཁ་ལྷོ་མའི་སྤྱི་ཚོགས་འཛུགས་སྐྲུན་བྱེད་དགོས་པའི་འབོད་སྐུལ་བཏང་།
2025.09.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨ་ཧྥེ་རི་ཁ་ལྷོ་མའི་སྲིད་གཞུང་གི་གསར་འགྱུར་ཁང་གིས་ཚེས8ཉིན་སྤེལ་བའི་གནས་ཚུལ་ལྟར་ན། སྲིད་འཛིན་ལཱ་མཱ་ཧྥུའུ་སཱ་ཡིས་ཉིན་དེར་གཟའ་འཁོར་རེའི་གསར་འགྱུར་སྒྲོག་སྤེལ་བྱེད་སྐབས་ཨ་ཧྥེ་རི་ཁ་ལྷོ་མའི་སྤྱི་ཚོགས་ལས་རིགས་སོ་སོས་སྲིད་གཞུང་གིས་རུལ་སུངས་ལ་ཆམ་ཕབ་གཏོང་བར་རྒྱབ་སྐྱོར་བྱས་ཏེ། རུལ་སུངས་རྐང་ཚུགས་ཐབས་མེད་པའི་སྤྱི་ཚོགས་ཤིག་འཛུགས་སྐྲུན་བྱེད་དགོས་པའི་འབོད་སྐུལ་བཏང་།

ལཱ་མཱ་ཧྥུའུ་སཱ་ཡིས་བཤད་རྒྱུར། རུལ་སུངས་ལ་ཆམ་ཕབ་གཏོང་བ་ནི་རྙོག་འཛིང་ཆེ་ཞིང་རིམ་པ་མང་བ། ཡུན་རིང་བའི་འཐབ་རྩོད་ཅིག་ཡིན་པ་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་བར་སྲིད་གཞུང་གིས་རྙོག་འཛིང་གྱོད་དོན་ཐག་གཅོད་བྱེད་པའི་ནུས་པར་ཤུགས་སྣོན་དགོས་པར་མ་ཟད། རུལ་སུངས་འབྱུང་སའི་ལྟ་རྟོག་དོ་དམ་ཐད་ཀྱི་ཆད་སྐྱོན་འགོག་ཅི་ཐུབ་བྱེད་དགོས་ཟེར།

ཨ་ཧྥེ་རི་ཁ་ལྷོ་མའི་འཕེལ་རྒྱས་དམིགས་ཚད་གཙོ་བོ་ཨ་ཧྥེ་རི་ཁ་གླིང་ས་ཁུལ་གྱི་ཆ་སྙོམས་ཆུ་ཚད་ལས་ལྷག་པ་དང་། ཅུང་འཐུས་སྒོ་ཚང་བའི་རུལ་སུངས་ངོ་རྒོལ་གྱི་བཅའ་ཁྲིམས་མ་ལག་གི་སྒྲོམ་གཞི་ཡོད་ཀྱང་། ཁྲིམས་བསྟར་ནན་མོ་མིན་པ་དང་འགན་འཁྲིའི་རྩད་གཅོད་ནུས་མེད་ཡིན་པའི་དབང་གིས་རུལ་སུངས་གནད་དོན་དེ་སྤྱི་གཞུང་དང་སྒེར་གཉེར་སྡེ་ཁག་སོ་སོར་ཡོངས་ཁྱབ་ཏུ་གནས་ཡོད་ལ། ཆབ་སྲིད་ཀྱི་ཡིད་རྟོན་དང་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་བཞིན་ཡོད།

ལཱ་མཱ་ཧྥུའུ་སཱ་ཡིས་བཤད་རྒྱུར། རུལ་སུངས་ལ་ཆམ་ཕབ་གཏོང་བ་ནི་རུལ་སུངས་མཁན་དང་ནག་ཉེས་བཟོ་མཁན་ཁྲིམས་ལ་སྦྱོར་བ་ཙམ་མ་ཡིན་པར། སྒྲིག་ལུགས་ལ་བཅོས་བསྒྱུར་བྱས་ཏེ་རུལ་སུངས་འབྱུང་སའི་ལག་ལེན་དང་ལམ་ལུགས་ཐད་ཀྱི་མི་འདང་ས་ཁ་གསབ་བྱེད་དགོས། ང་ཚོས་མཉམ་དུ་འབད་བརྩོན་བྱས་ནས་འགན་འཁྲིའི་འདུ་ཤེས་ཡོད་པ་དང་ཡིད་རྟོན་གཙོར་འཛིན་པའི་སྤྱི་ཚོགས་ཤིག་འཛུགས་སྐྲུན་བྱེད་དགོས་ཟེར།

ལཱ་མཱ་ཧྥུའུ་སཱ་ཡིས་ཨ་ཧྥེ་རི་ཁ་ལྷོ་མའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བློ་འདྲི་ཨུ་ཡོན་ལྷན་ཁང་གི་ལོ་ངོ་གསུམ་གྱི་འགན་ཡུན་ནང་གི་བྱ་བའི་སྙན་ཞུ་བསྒྲགས། ཨུ་ཡོན་ལྷན་ཁང་དེ2022ལོར་བཙུགས་པ་དང་། འགན་འཁྲི་ནི་ཨ་ཧྥེ་རི་ཁ་ལྷོ་མའི་རྒྱལ་ཁབ་ཀྱིས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་ཇུས་ལག་བསྟར་བྱེད་པར་མཛུབ་སྟོན་དང་། རྒྱལ་ཁབ་ཀྱི་རུལ་སུངས་ངོ་རྒོལ་རྐྱེན་སྲོལ་གྱི་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་ཆེད་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།



ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།