ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་ཚེས7ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིར་མཇུག་མཐའི་ཉེན་བརྡ་བཏང་སྟེ། ཧཱ་མཱ་སི་ཡིས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་གཞི་གསར་བ་དང་ལེན་བྱས་ནས་བཀག་འཇུག་ཐེབས་པའི་མི་སྣ་ཚང་མ་ཕྱིར་གཏོང་དགོས་པའི་རེ་བ་བཏོན། ཧཱ་མཱ་སིའི་ཕྱོགས་ཀྱིས་ཉིན་དེར་བསྟན་དོན། ཨ་མེ་རི་ཁ་ཕྱོགས་ཀྱི་འབྲེལ་ཡོད་གྲོས་གཞི་འབྱོར་ནས་དེར་གྲོས་བསྡུར་བྱེད་བཞིན་ཡོད་ཟེར།
ཐི་ལིང་ཕུའུ་ཡིས་བསྟན་དོན། མི་ཚང་མས་བཀག་འཇུག་ཐེབས་པའི་མི་སྣ་དག་ཕྱིར་རང་ཁྱིམ་དུ་ལོག་པར་རེ་བཞིན་ཡོད་པ་དང་། མི་ཚང་མས་འཐབ་འཁྲུག་དེ་མཇུག་སྒྲིལ་ན་བསམ་ཡོད། དབྱི་སི་རལ་ཕྱོགས་ཀྱིས་ངའི་ཆ་རྐྱེན་དེ་དང་ལེན་བྱས་ཡོད་ལ། ད་ལྟ་ཧཱ་མཱ་སི་ཡིས་དང་ལེན་བྱེད་པའི་དུས་ལ་བབས་ཡོད་ཟེར། ཐི་ལིང་ཕུའུ་ཡིས་བཤད་རྒྱུར། ཁོས་ཧཱ་མཱ་སི་ལ་ཨ་མེ་རི་ཁའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་གཞི་དང་ལེན་མ་བྱས་པའི་མཇུག་འབྲས་ཅི་ཡིན་ཉེན་བརྡ་བཏང་ཡོད། དེ་ནི་ངའི་མཇུག་མཐའི་ཉེན་བརྡ་ཡིན་ལ་ཡང་བསྐྱར་ཉེན་བརྡ་གཏོང་མི་སྲིད་ཟེར།
དབྱི་སི་རལ་གྱི་འཕྲིན་ལམ་བཅུ་གཉིས་པའི་གསར་འགྱུར་དྲ་ཚིགས་ཀྱིས་ཚེས6ཉིན་བསྒྲགས་པ་ལྟར་ན། ཨ་མེ་རི་ཁས་ཧཱ་མཱ་སི་ལ་འཁྲུག་རྩོད་མཚམས་འཇོག་པའི་གྲོས་གཞི་གསར་བ་བཏོན་པ་དང་། གྲོས་གཞི་དེ་ལྟར་ན། ཧཱ་མཱ་སི་ཡིས་འཁྲུག་རྩོད་མཚམས་འཇོག་པའི་ཉིན་དང་པོར་དབྱི་སི་རལ་གྱི་བཀག་འཇུག་ཐེབས་པའི་མི་སྣ་ཞེ་བརྒྱད་པོ་ཚང་མ་ཕྱིར་བཏང་སྟེ། དབྱི་སི་རལ་གྱིས་བཀག་འཇུག་བྱས་པའི་ཕཱ་ལེ་སི་ཐན་གྱི་མི་སྟོང་ཕྲག་འགར་བརྗེ་དགོས་ལ། དེའི་རྗེས་སུ་མཇུག་རྩོད་མཇུག་སྒྲིལ་བར་དམིགས་པའི་གྲོས་མོལ་མགོ་རྩོམ་དགོས་ཟེར།
ཧཱ་མཱ་སི་ཡིས་ཚེས7ཉིན་གསལ་སྒྲོག་སྤེལ་ཏེ། འདུམ་འགྲིག་ཕྱོགས་བརྒྱུད་དེ་ཨ་མེ་རི་ཁའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་སྐོར་གྱི་བསམ་ཚུལ་རེ་འགའ་འབྱོར་ཡོད་ལ། དོན་དེར་གྲོས་བསྡུར་བྱེད་བཞིན་ཡོད་ཟེར། ཧཱ་མཱ་སི་ཡིས་བསྐྱར་སྒྲོག་བྱས་དོན། གྲོས་མོལ་བྱེད་པར་གྲ་སྒྲིག་བྱས་ཡོད་པ་དང་། བཀག་འཇུག་ཐེབས་པའི་མི་སྣ་ཕྱིར་བཏང་ན་འཁྲུག་རྩོད་མཇུག་སྒྲིལ་བའི་གསལ་སྒྲོག་མངོན་གསལ་སྤེལ་དགོས་པ་དང་དབྱི་སི་རལ་ཅཱ་ཧྲ་ས་ཁུལ་ནས་ཕྱིར་འཐེན་བྱེད་དགོས་ཟེར།
མིང་བཤད་མི་འདོད་པའི་དབྱི་སི་རལ་གྱི་དཔོན་རིགས་ཤིག་གིས་བཤད་རྒྱུར། དབྱི་སི་རལ་གྱིས་ཨ་མེ་རི་ཁའི་གྲོས་གཞི་དེར་ནན་ཏན་གྱིས་བསམ་བློ་གཏོང་བཞིན་ཡོད་ཟེར་ཡང་། དཔོན་རིགས་དེས་བྱེ་བྲག་ནང་དོན་ཞིབ་མོར་གླེང་མེད།
བསོད་ནམས་ཚེ་རིང་གིས་བསྒྱུར།