ཕཱ་ལེ་སི་ཐན་འཕྲིན་གཏོང་ཁང་གིས་ཚེས8ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅཱ་ཧྲའི་ས་ཁུལ་མང་བོར་དམག་དོན་འགུལ་སྐྱོད་སྤེལ་བ་ལས་ཉུང་མཐར་ཡང་ཕཱ་ལེ་སི་ཐན་གྱི་མི59རྐྱེན་ལམ་དུ་ཤོར་ཟེར།
བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅཱ་ཧྲའི་བྱང་ཕྱོགས་ས་ཁུལ་གྱི་ཅཱ་ཧྲ་མཁར་གྱི་གནས་མང་བོར་འཇབ་རྒོལ་བྱས་པ་དང་། འཇབ་རྒོལ་བྱེད་སའི་དམིགས་འབེན་ལ་དབུས་ཕྱོགས་ཀྱི་ནོའུ་སེ་ལའེ་ཐི་ཡུལ་གྱར་བའི་སྒར་སའི་མི་མང་ས་ཞིག་དང་། ལྷོ་ཕྱོགས་ཀྱི་མཱ་ཝ་ཞི་ས་ཁུལ་གྱི་ཡུལ་གྱར་བ་སྡོད་སའི་རས་གུར་ཞིག ལྷོ་ཕྱོགས་ཀྱི་ཧན་ཡུག་ནེ་སི་གྲོང་ཁྱེར་གྱི་རྒུད་སྐྱོབ་དངོས་རྫས་ལེན་པར་སྒུག་པའི་མི་མང་ཚོགས་ཞིག་བཅས་འདུས་ཟེར།
ཅཱ་ཧྲ་ས་ཁུལ་གྱི་དམངས་སྲུང་སྡེ་ཁག་གི་མགྲིན་ཚབ་པ་པཱ་སཱ་ལེ་ཡིས་ཚེས8ཉིན་གསལ་སྒྲོག་སྤེལ་ཏེ། འདས་པའི་དུས་ཚོད72རིང་ལ། ཅཱ་ཧྲ་མཁར་གྱི་བརྩེགས་རིམ་བདུན་ཅན་གྱི་ཐོག་ཁང་ལྔ་ལ་འགས་གཏོར་ཐེབས་པ་དང་། ཐོག་ཁང་དེ་དག་ཏུ་སྡོད་དམངས་ཐོག་ཁང209ཡོད་ལ། ཁང་བ་རེའི་ནང་ཉུང་མཐར་ཡང་མི20ཤོང་ཐུབ་པ་དང་། དེ་ལས་མི་སྟོང་བཞི་ལྷག་ལ་འགྲོ་སའི་ཁྱིམ་མེད་པར་གྱུར་ཡོད་ཟེར།
དེ་ལས་གཞན་འདས་པའི་དུས་ཚོད24རིང་ལ། ཅཱ་ཧྲ་ས་ཁུལ་མི6ལྟོགས་སྐོམ་དང་འཚོ་བཅུད་མ་འདང་བའི་དབང་གིས་རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་བྱིས་པ་གཉིས་ཡོད།
ཕཱ་ལེ་སི་ཐན་འཕྲིན་གཏོང་ཁང་གིས་ད་རུང་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཚེས8ཉིན་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཅེ་ཉིང་ཡུལ་གྱར་བའི་སྒར་སའི་འགུལ་སྐྱོད་ཁྲོད་ལོ་བཅུ་བཞི་ཅན་གྱི་ཕཱ་ལེ་སི་ཐན་གྱི་ན་གཞོན་གཉིས་བསད་པ་དང་། མི་མང་བོར་རྨས་ཕོག་ཟེར། དབྱི་སི་རལ་གྱི་དམག་དཔུང་གིས་མིག་སྔར་ད་རུང་དོན་དེའི་ཐད་ནས་རྣམ་འགྱུར་ཅི་ཡང་བསྟན་མེད།
བསོད་ནམས་ཚེ་རིང་གིས་བསྒྱུར།