2025ལོའི་ཀྲུང་གོ་དང་ཧྥ་རན་སིའི་ཉོ་ཚོང་དངུལ་གཏོང་གསར་གཏོད་མཉམ་ལས་ཚོགས་ཆེན་དང་ཀྲུང་གོའི་རྒྱལ་སྤྱིའི་མཁོ་འདོན་མུ་འབྲེལ་ཅན་གྱིས་འགྲེམ་སྟོན་ཚོགས་འདུར་སྐུལ་འདེད་གཏོང་བའི་ཧྥ་རན་སིའི་མཚམས་སྦྱོར་ཚོགས་འདུ་ཚེས8ཉིན་ཕཱ་རེ་སི་ནས་བསྡུས། ཀྲུང་གོ་དང་ཧྥ་རན་སི་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་སྡེ་ཁག་དང་འབྲེལ་ཡོད་ལས་ཁུངས། ཁེ་ལས་བཅས་ཀྱི་འཐུས་མི200ལྷག་ཚོགས་འདུར་ཞུགས།
ཀྲུང་གོའི་ཉོ་ཚོང་སྐུལ་འདེད་ཚོགས་པའི་ཚོགས་གཙོ་རིན་ཧོང་པེན་གྱིས་ཞུ་ཚིག་འབུལ་སྐབས་བསྟན་དོན། ད་ལོ་ནི་ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བའི་དུས་རིམ་གསར་བ་མགོ་རྩོམ་པའི་ལོ་ཡིན་ཞིང་། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་འཐབ་ཇུས་མཛུབ་སྟོན་འོག ཀྲུང་གོ་དང་ཧྥ་རན་སིའི་དངོས་གཉེར་མཉམ་ལས་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་སོང་བ་དང་། དཔལ་འབྱོར་ཉོ་ཚོང་འགྲོ་འོང་གི་གཉིས་ཕན་གཉིས་རྒྱལ་ཐད་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད། ཀྲུང་གོའི་ཉོ་ཚོང་སྐུལ་འདེད་ཚོགས་པས་ཧྥ་རན་སིའི་མཉམ་ལས་གྲོགས་པོ་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་ཁེ་ལས་ཀྱི་བརྗེ་རེས་ཇེ་ཟབ་ཏུ་གཏོང་བ་དང་མཉམ་ལས་སྤེལ་བར་ཕྱོགས་མང་བོའི་རྒྱབ་སྐྱོར་འདོན་སྤྲོད་བྱེད་འདོད་ཡོད་པ་དང་། སྔར་ལས་མང་བའི་ཧྥ་རན་སིའི་ཁེ་ལས་ཀྱིས་མཁོ་འདོན་མུ་འབྲེལ་ཅན་གྱིས་འགྲེམ་སྟོན་ཚོགས་འདུ་སོགས་སྟེགས་བུ་བརྒྱུད་དེ་འཛམ་གླིང་ཡོངས་ཀྱི་ཐོན་ལས་མུ་འབྲེལ་ཅན་ལ་འདྲེས་པར་བྱས་ཏེ། ཀྲུང་གོའི་ཚོང་རའི་གོ་སྐབས་ཆེན་པོ་མཉམ་སྤྱོད་བྱེད་པར་དགའ་བསུ་ཞུས།
ཧྥ་རན་སི་རྒྱལ་ཁབ་བཟོ་ལས་སྐུལ་འདེད་ཚོགས་པའི་ཀྲུའུ་ཞི་གཞོན་པ་ཅཱ་ལོ་ཡིས་བསྟན་དོན། ཧྥ་རན་སི་དང་ཀྲུང་གོ་རྒྱལ་ཁབ་གཉིས་བར་དཔལ་འབྱོར་ཉོ་ཚོང་དང་དངུལ་གཏོང་ཐད་ཕན་ཚུན་ཁ་གསབ་ཀྱི་རང་བཞིན་ཆེན་པོ་ལྡན་ལ། མཉམ་ལས་ཀྱི་སྦས་ཤུགས་ཆེན་པོ་ཡོད་པས། ཕྱོགས་གཉིས་ཀྱིས་མཁའ་འགྲུལ་དང་ནུས་ཁུངས། མི་ཐབས་རིག་ནུས་སོགས་ཁྱབ་ཁོངས་ནས་བརྗེ་རེས་གཏིང་ཟབ་ཏུ་སྤེལ་ནས། གཏན་འཇགས་དང་སྒོ་འབྱེད། རྒྱུན་མཐུད་བཅས་ཀྱི་མཁོ་འདོན་མུ་འབྲེལ་ཅན་མཉམ་དུ་འཛུགས་སྐྲུན་བྱས་ཏེ། འཛམ་གླིང་ཡོངས་ལ་མཉམ་ལས་ཀྱི་མིག་དཔེ་སྟོན་དགོས་ཟེར།
ཚོགས་ཞུགས་འཐུས་མི་གཞན་པས་གཅིག་གྱུར་སྒོས་ཀྲུང་གོ་དང་ཧྥ་རན་སི་ཡིས་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་ཡིད་ཆེས་ཀྱིས་ཁེངས་ཡོད་པའི་ཚུལ་བསྟན་པ་དང་། བཟོ་ཚོང་ལས་རིགས་ནི་ཀྲུང་གོ་དང་ཧྥ་རན་སིའི་དངོས་གཉེར་མཉམ་ལས་ཀྱི་གཙོ་ཤུགས་དམག་དཔུང་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་བཟོ་ཚོང་ལས་རིགས་ཀྱི་བརྗེ་རེས་ལ་ཤུགས་སྣོན་བྱས་ན། ཕྱོགས་གཉིས་ཀྱི་ཉོ་ཚོང་དངུལ་གཏོང་གི་ཁྱབ་རྒྱ་དང་གཏིང་ཚད་ནུས་ཡོད་སྒོས་ཇེ་ཆེར་གཏོང་ཐུབ་པ་དང་། མཁོ་འདོན་མུ་འབྲེལ་ཅན་གྱིས་འགྲེམ་སྟོན་ཚོགས་འདུ་ནི་ཀྲུང་གོ་དང་ཧྥ་རན་སིའི་གསར་གཏོད་མཉམ་ལས་ལ་ཤུགས་སྣོན་པའི་སྟེགས་བུ་གལ་ཆེན་ཞིག་ཡིན་པས། ཀྲུང་གོ་དང་ཧྥ་རན་སི། ཐ་ན་ཀྲུང་གོ་དང་ཡོ་རོབ་གླིང་གི་མཁོ་འདོན་མུ་འབྲེལ་ཅན་གྱི་བབ་བསྟུན་རང་བཞིན་དང་གཏན་འཇགས་རང་བཞིན་ཇེ་དྲག་ཏུ་གཏོང་བར་ཕན་ཐོགས་ཡོད་པར་འདོད།
ཐེངས་འདིའི་བྱ་འགུལ་ནི་ཀྲུང་གོའི་ཉོ་ཚོང་སྐུལ་འདེད་ཚོགས་པས་གཙོ་སྒྲུབ་བྱས་ཤིང་། ཀྲུང་གོ་དང་ཡོ་རོབ་གླིང་གི་ཁེ་ལས་མནའ་འབྲེལ་དང་ཀྲུང་གོའི་བཟོ་ཚོང་དངུལ་ཁང་ཕཱ་རེ་སིའི་ཡན་ལག་དངུལ་ཁང་གི་རྒྱབ་སྐྱོར་ཐོབ་ཡོད། ཀྲུང་གོའི་འགྲེམ་སྟོན་སྡེ་ཚོགས་ཀྱིས་ཡུལ་དངོས་ནས་ མཁོ་འདོན་མུ་འབྲེལ་ཅན་གྱི་འགྲེམ་སྟོན་ཚོགས་འདུ་མཚམས་སྦྱོར་བྱས་པར་མ་ཟད། ཧྥ་རན་སིའི་འབྲེལ་ཡོད་ལས་ཁུངས་དང་ཁེ་ལས་བར་མཉམ་ལས་གྲོས་མཐུན་མང་བོ་བཀོད།
བསོད་ནམས་ཚེ་རིང་གིས་བསྒྱུར།