ཨ་པ་སིས་ཕ་ལེ་སི་ཐན་གྱི་རྩ་ཁྲིམས་འཆར་ཟིན་འགོད་རྒྱུ་མཇུག་བསྒྲིལ་ལ་ཉེ་བར་བཤད།
2025.11.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚེས11ཉིན།  ཕ་ལེ་སི་ཐན་གྱི་སྲིད་འཛིན་ཨ་པ་སིས་ཧྥ་རན་སིར་འཚམས་འདྲི་བྱེད་པའི་སྐབས། ཕ་ལེ་སི་ཐན་གྱི་མི་རིགས་དབང་ཆའི་སྒྲིག་གཞིས་བཅོས་སྒྱུར་གྱི་ཁས་ལེན་ལ་བརྩི་སྲུང་བྱེད་རྒྱུ་ཡིན་པ་དང་། མིག་སྔར་ཕ་ལེ་སི་ཐན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་འདེམས་བསྐོའི་བཅའ་ཁྲིམས། སྲིད་ཏང་བཅའ་ཁྲིམས་བཅས་ཀྱི་འཆར་ཟིན་འགོད་རྒྱུ་མཇུག་བསྒྲིལ་ལ་ཉེ་བར་བསྟན།

ཨ་པ་སིས་ཧྥ་རན་སིའི་སྲིད་འཛིན་མཱ་ཁུ་ལུང་དང་ཐུག་འཕྲད་བྱས་རྗེས་ཀྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་གོང་གི་རྣམ་འགྱུར་དེ་བསྟན་པ་རེད། ཨ་པ་སིས་ཅ་ཧྲ་ས་ཁུལ་གྱི་དམག་འཁྲུག་མཇུག་བསྒྲིལ་རྗེས་སྲིད་འཛིན་འདེམས་བསྐོ་དང་གྲོས་ཚོགས་འདེམས་བསྐོ་སྒྲིག་འཛུགས་བྱ་རྒྱུ་ཡིན་ཞེས་བསྐྱར་བསྒྲགས་བྱས། ཁོས་ད་དུང་དབྱི་སི་རལ་གྱིས་ཕ་ལེ་སི་ཐན་རྒྱལ་ཁབ་ཁས་ལེན་བྱེད་རྒྱུའི་འབོད་སྐུལ་བཏང་།

མཱ་ཁུ་ལུང་གིས་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་སྟེང་དབུས་ཤར་ས་ཁུལ་ཡུན་རིང་བརྟན་འཇགས་ཡོང་རྒྱུ་ནི་རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་དོན་འཁྱོལ་བྱེད་རྒྱུར་བརྟེན་དགོས་པས་ཧྥ་རན་སིས་དེའི་ཐད་ཕ་ལེ་སི་ཐན་རྒྱལ་ཁབ་ལ་རོགས་རམ་བྱེད་འདོད་ཡོད་ཅེས་བཤད།  མཱ་ཁུ་ལུང་གིས་དབྱི་སི་རལ་གྱིས་ཅོར་ཏན་གཙང་པོའི་ནུབ་འགྲམ་དུ་གཞིས་ཆགས་ས་ཁུལ་མུ་མཐུད་དུ་རྒྱ་བསྐྱེད་གཏོང་བར་རྒོལ་གཏམ་བཏང་བ་དང་བྱ་སྤྱོད་དེ་རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་ཡོད་ཅེས་བཤད།

ཉིན་དེའི་སྔ་མོར་དུ་ཧྥ་རན་སིའི《ཧྥེ་ཅ་ལུའོ་ཚགས་པར》སྟེང་ཨ་པ་སིའི་ཆེད་དོན་བཅར་འདྲི་རྩོམ་ཡིག་སྤེལ་ཡོད། ཨ་པ་སིས་ཕ་ལེ་སི་ཐན་གྱི་དབྱི་སི་ལན་འགོག་རྒོལ་ལས་འགུལ(ཧ་མ་སི)དྲག་ཆས་མེད་པར་བཟོ་བའི་དགོས་ངེས་རང་བཞིན་སྐོར་གླེང་སྐབས། ཕ་ལེ་སི་ཐན་ལ་དྲག་ཆས་སྟོབས་ཤུགས་གཅིག་ལས་མེད་པ་སྟེ། དེ་ནི་ཕ་ལེ་སི་ཐན་རྒྱལ་ཁབ་ཀྱི་དམག་དཔུང་ཡིན་ཞེས་བཤད།

ཟླ9པའི་ཚེས22ཉིན། ཧྥ་རན་སིས་ཕ་ལེ་སི་ཐན་རྒྱལ་ཁབ་ཁས་ལེན་བྱེད་རྒྱུ་ཁྱབ་བསྒྲགས་བྱས།

གཡང་འབུམ་རྒྱལ་གྱིས་བསྒྱུར། 

 

ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།