དབྱི་སི་རལ་གྱིས་ཅ་ཧྲའི་བྱང་རྒྱུད་ཀྱི་འགག་སྒོ་ཞིག་བསྐྱར་དུ་སྒོ་འབྱེད་རྒྱུ་ཡིན་པར་བཤད།
2025.11.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚེས12ཉིན།  དབྱི་སི་རལ་ཕྱོགས་ཀྱིས་ཅ་ཧྲ་ས་ཁུལ་བྱང་རྒྱུད་ཀྱི་ཟླ་བ་གཉིས་ཀྱི་རིང་ལ་སྒོ་བརྒྱབ་པའི་ཆི་ཅི་མུའུ་འགག་སྒོ་སླར་ཡང་ཕྱེས་ནས་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་དྲུད་པའི་རླངས་འཁོར་ཅ་ཧྲ་ས་ཁུལ་དུ་ཡོང་ཆོག་པ་ཁྱབ་བསྒྲགས་བྱས།

དབྱི་སི་རལ་གྱི་རྒྱལ་སྲུང་པུའུ་ཡིས་ཅ་ཧྲ་ས་ཁུལ་དུ་རོགས་སྐྱོར་དངོས་རྫས་སྐྱེལ་འདྲེན་མཐུན་སྦྱོར་བྱེད་པའི་འགན་འཁུར་བའི་མངའ་ཁོངས་ནང་ཁུལ་གྱི་སྲིད་གཞུང་བྱེད་སྒོ་མཐུན་སྦྱོར་གཞུང་དོན་ཁང་གིས་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར།  དབྱི་སི་རལ་ཕྱོགས་ཀྱིས་ཆི་ཅི་མུའུ་འགག་སྒོ་ཕྱེས་ཟིན་པ་དང་རོགས་སྐྱོར་རླངས་འཁོར་འགག་སྒོ་དེ་བརྒྱུད་ནས་ཅ་ཧྲ་ས་ཁུལ་དུ་ཡོང་ཆོག་ཅེས་བཤད། དབྱི་སི་རལ་ཕྱོགས་ཀྱི་བདེ་འཇགས་ཞིབ་བཤེར་དང་ལེན་བྱས་རྗེས་རོགས་སྐྱོར་དངོས་རྫས་དེ་དག་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱིས་བརྒྱུད་འདྲེན་བྱེད་པའི་འགན་འཁུར་རྒྱུ་རེད།

《དབྱི་སི་རལ་གྱི་སྐབས་དོན་ཚགས་པར》སྟེང་སྤེལ་བའི་གནས་ཚུལ་ལྟར་ན། ཆི་ཅི་མུའུ་འགག་སྒོ་སླར་ཡང་སྒོ་ཕྱེས་པ་དང་མཉམ་དུ་ཅ་ཧྲ་ས་ཁུལ་དུ་བསྐྱོད་པའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བགྲོད་ལམ་གསུམ་ཇེ་མང་དུ་སོང་ཡོད། ཟླ་བ་གཉིས་ཀྱི་སྔོན་དུ། འགག་སྒོ་དེ་དབྱི་སི་རལ་ཕྱོགས་ཀྱི་དམག་དོན་འགུལ་སྐྱོད་ཀྱི་དབང་གིས་སྒོ་བརྒྱབ་པ་རེད།

ཉིན་ཤས་ཀྱ་རིང་ལ་དབྱི་སི་རལ་གྱིས་ཧ་མ་སི་དམག་འཁྲུག་མཚམས་འཇོག་པའི་གྲོས་མཐུན་ལས་འགལ་བ་རྒྱུ་མཚན་དུ་བྱས་ནས། འཇབ་རྒོལ་ཐེངས་མང་བྱས་པ་དང་ཅ་ཧྲ་ས་ཁུལ་གྱི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ལ་གལ་འགངས་ཤིན་ཏུ་ཆེ་བའི་ལ་ཧྥ་འགག་སྒོ་སྒོ་འབྱེད་རྒྱུ་དུས་བཀག་མེད་པར་འགོར་འགྱངས་བྱས་ཡོད། ཧ་མ་སིས་དབྱི་སི་རལ་ཕྱོགས་ཀྱི་སྐྱོན་འདོན་ཞུ་གཏུག་ཁས་ལེན་མ་བྱས།

ཕྱོགས་མང་པོས་འདུམ་སྒྲིག་བྱས་པ་བརྒྱུད།  ཅ་ཧྲའི་དམག་འཁྲུག་མཚམས་འཇོག་པསི་དུས་རིམ་དང་པོའི་གྲོས་མཐུན་ཟླ10བའི་ཚེས10ཉིན་ནུས་ལྡན་དུ་གྱུར་ཡོད།  དེའི་ནང་དོན་ལ་དབྱི་སི་རལ་དང་ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ(ཧ་མ་སི)བར་གྱི་དམག་འཁྲུག་མཚམས་འཇོག་པ་དང་། བཀག་ཉར་བྱས་པའི་མི་སྣ་བརྗེ་རེས་བྱེད་པ།  མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་ཅ་ཧྲ་ས་ཁུལ་དུ་སྐྱེལ་བ།  དབྱི་སི་རལ་གྱི་དམག་དཔུང་ཅ་ཧྲ་ས་ཁུལ་ཁག་ཅིག་ནས་ཕྱིར་འཐེན་བྱེད་དགོས་པ་སོགས་འདུས་ཡོད།

གཡང་འབུམ་རྒྱལ་གྱིས་བསྒྱུར། 



ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།