
ཚེས12ཉིན། ཁ་ན་ཏའི་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གིས་ཨུ་རུ་སུར་སྐོར་ཐེངས་གསར་པའི་བཀག་སྡོམ་བྱ་རྒྱུ་ཁྱབ་བསྒྲགས་བྱས་ནས་དྲ་རྒྱའི་རྨང་གཞིའི་སྒྲིག་ཆས་མཁོ་འདོན་ཚོང་པ་བཀག་སྡོམ་མིང་ཐོའི་ནང་ཐེངས་དང་པོར་བཅུག
ཁ་ན་ཏའི་ཕྱི་འབྲེལ་པུའུ་ཀྲང་ཨ་ནན་ཏི་ཡིས་ཉིན་དེར་གསར་འགྱུར་སྤྱི་བསྒྲགས་ཤིག་གི་ནང་དུ། ཐེངས་འདིའི་བཀག་སྡོམ་དེ་མི་སྒེར13དང་དངོས་ཚན11ལ་དམིགས་པ་དང་དེའི་དམིགས་ཡུལ་ནི་ཨུ་རུ་སུའི་དམག་དོན་ནུས་པ་ཉམས་ཞན་དུ་གཏོང་བ་དང་མཉམ་དུ། དེའི་ནུས་རྒྱུའི་ཡོང་འབབ་དང་དངུལ་རྩའི་རྒྱབ་སྐྱོར་ཕྱོགས་ལ་རྡུང་རྡེག་གཏོང་ཆེད་ཡིན་ཞེས་ཁྱབ་བསྒྲགས་བྱས།
སྤྱི་བསྒྲགས་ལྟར་ན། ཁ་ན་ཏས་ཨུ་རུ་སུའི་དྲ་རྒྱའི་རྨང་གཞིའི་སྒྲིག་ཆས་མཁོ་འདོན་ཚོང་པ་ཐོག་མར་བཀག་སྡོམ་བྱེད་པ་དང་མཉམ་དུ། ཨུ་རུ་སུའི་གཤེར་འགྱུར་རང་བྱུང་སོལ་རླངས་ཁེ་ལས་ཁ་ཤས་དང“གྲིབ་གཟུགས་དམག་གྲུ་རུ་ཁག”ཅེས་འབོད་བཞིན་པའི་གྲུ་གཟིངས100ལྷག་བཀག་སྡོམ་བྱེད་རྒྱུ་རེད།
སྤྱི་བསྒྲགས་ལས་ཐེངས་འདིའི་བྱ་སྤྱོད་དེ་ཨ་རི་དང་ཡོ་རོབ་མནའ་འབྲེལ། དབྱིན་ཇི་བཅས་ཀྱིས་ཉེ་ལམ་ཁྱབ་བསྒྲགས་བྱས་པའི་བཀག་སྡོམ་བྱེད་ཐབས་དང་གཅིག་མཚུངས་ཡིན་པ་དང་། རྒྱལ་ཁབ་བདུན་གྱི་ཚོགས་པས་ཨུ་རུ་སུར་དཔལ་འབྱོར་གྱི་གནོན་ཤུགས་མུ་མཐུད་དུ་སྟེར་བར་གཞོགས་འདེགས་བྱེད་ཀྱི་ཡོད་ཅེས་འཁོད་ཡོད།
ཉིན་དེར་རྒྱལ་ཁབ་བདུན་གྱི་ཚོགས་པའི་ཕྱི་འབྲེལ་པུའུ་ཀྲང་ཚོགས་འདུ་ཁ་ན་ཏའི་ཨན་ཏ་ལི་ཞིང་ཆེན་ཉི་ཡ་ཅ་ལ་ཧུའུ་པིན་གྲོང་རྡལ་དུ་མཇུག་བསྒྲིལ། ཚོགས་འདུའི་སྟེང་སྤེལ་བའི་མཉམ་འབྲེལ་གསལ་བསྒྲགས་ནང་དུ་རྒྱལ་ཁབ་བདུན་གྱི་ཚོགས་པའི་ཕྱི་འབྲེལ་པུའུ་ཀྲང་གིས་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐད“མྱུར་དུ་དམག་འཁྲུག་མཚམས་འཇོག་རྒྱུ་ནི་ཁ་ཚ་དགོས་གཏུག་ཆེ་བ”བསྐྱར་བསྒྲགས་བྱས་པར་མ་ཟད། ད་ལྟའི་འབྲེལ་གཏུག་དེ་གྲོས་མོལ་གྱི་མགོ་རྩོམ་སར་བརྩི་དགོས་པའི་ངོས་འཛིན་གཅིག་མཐུན་བྱུང་ཡོད།
གཡང་འབུམ་རྒྱལ་གྱིས་བསྒྱུར།