སི་རི་ཡའི་རྒྱལ་སར་འབྱུང་ཁུངས་མི་གསལ་བའི་མེ་ཤུགས་འཕུར་མདེལ་གྱི་འཇབ་རྒོལ་ཐེབས་ནས་མི་མང་པོར་རྨས་ཕོག
2025.11.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚེས14ཉིན། སི་རི་ཡའི་རྒྱལ་ཁབ་གསར་འགྱུར་ཁང་གིས་སི་རི་ཡའི་སྲིད་དབང་རྒྱལ་སྲུང་སྡེ་ཁག་གི་གནས་ཚུལ་དྲངས་ནས་བཤད་རྒྱུར།  སི་རི་ཡའི་རྒྱལ་ས་ཏ་མ་སི་ཁུ་རུ་ཉིན་དེའི་དགོང་མོར་འབྱུང་ཁུངས་མི་གསལ་བའི“ཁ་ཆིའུ་ཧྲ”ཡི་མེ་ཤུགས་འཕུར་མདེལ་གཉིས་ཀྱི་འཇབ་རྒོལ་ཐེབས་ནས་མི་སེར་མང་པོ་ཞིག་ལ་རྨས་ཕོག་པ་དང་རྒྱུ་ནོར་ལ་གྱོང་གུན་ཐེབས་ཡོད་པར་བཤད།

གནས་ཚུལ་སྤེལ་བ་ལྟར་ན། མེ་ཤུགས་འཕུར་མདེལ་གཉིས་ཏ་མ་སི་ཁུ་གྲོང་ཁྱེར་ཉེ་འདབས་ནས་འཕེན་གཏོང་བྱས་ཏེ། གྲོང་ཁུལ་དེའི་ལྷོ་ནུབ་ཕྱོགས་ཀྱི་མའེ་ཙའེ་ཁུལ་དང་དེའི་ཉེ་འགྲམ་གྱི་སྡོད་དམངས་ཁུལ་ལ་འཇབ་རྒོལ་ཐེབས།  སི་རི་ཡའི་སྲིད་དབང་གི་རྒྱལ་སྲུང་དང་ནང་སྲིད་སྡེ་ཁག་གིས་འཇབ་རྒོལ་དོན་རྐྱེན་དེར་མཉམ་འབྲེལ་བརྟག་དཔྱད་བྱས།

སི་རི་ཡའི་འཕྲིན་གཏོང་གསར་འགྱུར་ཁང་གིས་སི་རི་ཡའི་འཕྲོད་བསྟེན་སྡེ་ཁག་གི་གནས་ཚུལ་དྲངས་ནས་བུད་མེད་རྨས་མ་ཞིག་ཏ་མ་སི་ཁུའི་སྨན་ཁང་ཞིག་ཏུ་སྨན་བཅོས་བྱེད་དུ་བསྐྱལ་ཡོད་པར་བཤད།

གཞན་ཡང་སི་རི་ཡའི་རྒྱལ་ཁབ་བརྙན་འཕྲིན་ལས་ཁུངས་ཀྱིས་སི་རི་ཡའི་བདེ་འཇགས་མི་སྣ་ཞིག་གི་གནས་ཚུལ་དྲངས་ནས་བཤད་རྒྱུར། མའེ་ཙའེ་ཁུལ་གྱི་འབར་གས་དོན་རྐྱེན་དེ་ནི་སི་རི་ཡའི་སྲིད་དབང་དྲག་ཆས་ཀྱིས་སྦྱོང་བརྡར་བྱེད་པའི་སྐབས་སུ་བྱུང་བ་ཞིག་རེད་ཅེས་པའི་བཤད་ཚུལ་དེ་ནི་དོན་དངོས་དང་མི་མཐུན་པ་ཞིག་རེད།

ཚེས14ཉིན་གྱི་དགོང་མོ། མའེ་ཙེ་ཁུལ་ནས་འབར་གས་ཀྱི་སྒྲ་ཆེན་པོ་གྲག་བྱུང་།  སྤྱི་ཁྱབ་པུའུ་དབྱིན་ཇིར་ཡོད་པའི་སི་རི་ཡའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་རྩ་འཛུགས་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། དགོང་མོ་དེར་ཏ་མ་སི་ཁུ་ནས་ཁྱོན་བསྡོམས་འབར་གས་ཀྱི་སྒྲ་ཐེངས་གསུམ་ལ་གྲག་ཡོད།  མིག་སྔར་ཐེངས་འདིའི་འཇབ་རྒོལ་ལ་འགན་འཁུར་དགོས་ཞེས་བཤད་མཁན་གྱི་རྩ་འཛུགས་གཅིག་ཀྱང་མེད།  ཉེ་ལམ་སི་རི་ཡའི་སྲིད་དབང་གིས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་ཐལ་སྐྱོད་རྩ་འཛུགས“དབྱི་སི་ལན་རྒྱལ་ཁབ”ཀྱི་ལྷག་ལུས་སྟོབས་ཤུགས་ལ་དམིགས་པའི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འགུལ་སྐྱོད་སྤེལ་བཞིན་ཡོད།

གཡང་འབུམ་རྒྱལ་གྱིས་བསྒྱུར། 


ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།