ཧང་ག་རི་ཡིས་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་མ་དངུལ་འབོར་ཆེན་གྱིས་ཝུའུ་ཁི་ལན་ལ་རོགས་སྐྱོར་བྱེད་པའི་གྲོས་གཞི་དང་ལེན་མ་བྱས།
2025.11.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཧང་ག་རིའི་ཙུང་ལི་ཨིག་ཨར་པན་གྱིས་ཚེས21ཉིན་བསྟན་དོན། ཁོས་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥུན་ཏི་ལའེ་ཨིན་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་ཝུའུ་ཁི་ལན་ལ་ཡོ་སྒོར་ཁྲག་ཁྲིག་གཅིག་དང་ཐེར་ཆེན་གསུམ་ཐེར་འབུམ་ལྔ་དུང་ཕྱུར་བདུན་གྱི་རོགས་སྐྱོར་མ་དངུལ་འདོན་སྤྲོད་བྱེད་པའི་སྐོར་གྱི་གྲོས་གཞི་དང་ལེན་བྱས་མེད་ཟེར།

ཨིག་ཨར་པན་གྱིས་ཉིན་དེར་སྨྱན་བྱད་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཧྥུན་ཏི་ལའེ་ཨིན་གྱིས་ཉེ་སྔོན་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཉེར་བདུན་གྱི་མགོ་ཁྲིད་པར་འཕྲིན་ཡིག་བཏང་སྟེ། ཕྱོགས་སོ་སོས་མྱུར་མོར་གྲོས་མཐུན་བཀོད་ནས། ཝུའུ་ཁི་ལན་གྱི2026ལོ་ནས2027ལོའི་བར་གྱི་ཡོ་སྒོར་ཁྲག་ཁྲིག་གཅིག་དང་ཐེར་ཆེན་གསུམ་ཐེར་འབུམ་ལྔ་དུང་ཕྱུར་བདུན་གྱི་དམག་དོན་དང་ནོར་སྲིད་དགོས་མཁོ་བསྐང་དགོས་པའི་འབོད་སྐུལ་བཏང་།

ཨིག་ཨར་པན་གྱིས་བཤད་རྒྱུར། ཧྥུན་ཏི་ལའེ་ཨིན་གྱིས་འཕྲིན་ཡིག་ནང་ཇུས་གཞི་གསུམ་བཏོན་ཡོད་པ་དང་། ཁོས་གོང་གི་ཇུས་གཞི་ཚང་མར་མངོན་སུམ་དུ་ངོ་རྒོལ་བྱས་ཡོད། ཁོས་བལྟས་ན་ཧྥུན་ཏི་ལའེ་ཨིན་གྱི་གྲོས་གཞི་དེས་གོ་ལ་ཧྲིལ་བོའི་དཔལ་འབྱོར་མ་ལག་དང་རྒྱལ་སྤྱིའི་ཕྱི་དངུལ་གསོག་འཇོག་དོ་དམ་སྒྲོམ་གཞིར་གཏོར་བརླག་གཏོང་སྲིད་ལ། དོན་དངོས་སུ་ཡོ་རོབ་གླིང་འཐབ་འཁྲུག་གི་ཕྱོགས་སུ་བསྐྱོད་པའི་དངུལ་ལོར་པར་གཞི་ཡིན་པར་བསམ་ཡོད་ཟེར།

ཁོས་བཤད་རྒྱུར། ཧང་ག་རི་ཡིས་ཧྥུན་ཏི་ལའེ་ཨིན་ལ་ཚབ་བྱེད་ཇུས་གཞི་བཏོན་ཡོད་པ་དང་། ཧང་ག་རིའི་ཚབ་བྱེད་ཇུས་གཞིའི་གཙོ་གནད་དེ་ཡོ་རོབ་གླིང་གི་ཆབ་སྲིད་ཀྱི་འགག་ལམ་དུ་བདེན་དཔང་བྱས་ཡོད་པའི་ཐབས་ལམ་དེ་བསྐྱུར་བའི་སྟེང་ལ་བཞག་ཡོད་ཟེར།

ཨིག་ཨར་པན་གྱིས་ད་རུང་བསྟན་དོན། ཉེ་སྔོན་ཝུའུ་ཁི་ལན་གྱི་ཐེར་འདོན་བྱས་པའི་རུལ་སུངས་ཀྱི་གནས་ཚུལ་ལས་ཡོ་རོབ་གླིང་མནའ་འབྲེལ་ལ་ད་ལྟའི་བར་ཝུའུ་ཁི་ལན་གྱི་རོགས་སྐྱོར་མ་དངུལ་གྱི་བེད་སྤྱོད་གནས་ཚུལ་གྱི་ཕན་ནུས་ལྡན་པའི་ལྟ་རྟོག་རྐྱེན་སྲོལ་མེད་པ་གསལ་བོར་མཚོན་ཡོད། ཧང་ག་རི་ཡིས་སྔོན་ཆད་རྐྱེན་སྲོལ་དེ་རིགས་འཛུགས་པའི་གྲོས་གཞི་བཏོན་ཡང་དང་ལེན་བྱས་མེད་ཟེར། ཁོས་ད་རུང་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཝུའུ་ཁི་ལན་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་བའི་བྱེད་ཐབས་ལ་སྐྱོན་བརྗོད་བྱས་ཤིང་། གལ་ཏེ་ཝུའུ་ཁི་ལན་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཏུ་གྱུར་ན། ཡོ་རོབ་གླིང་མནའ་འབྲེལ་ཐད་ཀར་དུ་ཨུ་རུ་སིའི་འཐབ་འཁྲུག་ནང་ཞུགས་པ་ཡིན་པའི་ཉེན་བརྡ་བཏང་།

ཧང་ག་རི་ནི་ཡོ་རོབ་གླིང་མནའ་འབྲེལ་དང་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཡིན་པ་དང་། ཨིག་ཨར་པན་སྲིད་གཞུང་གིས་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཝུའུ་ཁི་ལན་ལ་དམག་དོན་རོགས་སྐྱོར་འདོན་སྤྲོད་བྱེད་པར་སོམ་ཉི་བྱེད་བཞིན་ཡོད་ལ། ཞོར་དུ་ཝུའུ་ཁི་ལན་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པར་ངོ་རྒོལ་བྱེད་བཞིན་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།



ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།